R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༥ན
[A:༣༡༥ན]ལྟར་ཡིན་པས་ས་སྐྱ་ཟེར་བའི་མིང་ཡང་མང་པོ་ལ་རྒྱས་བྱུང་བ་འཛིན་སྐྱོང་སྤེལ་གསུམ་ལ་བློ་ཁུར་བསྐྱེད་པ་རང་གལ་ཆེ་ཆེ་གསུང་བ་འདུག་པ། དེ་དུས་ནི་རང་བླུན་པས་མ་གོ་ཡང་། ཕྱིས་བསམས་པས་སྔགས་འཆང་ཉིད་རང་དག་པའི་ཞིང་དུ་མྱུར་དུ་ཕེབས་པའི་དགོངས་པ་དེ་དུས་ནས་གཏད་པའི་གསུང་དུ་འདུག་ཅིང་། ཡང་དེའི་དུས་ཤིག་གི་ཚེ་ངེད་རང་གིས་རྡོ་རྗེ་ཕུར་པའི་དབང་བསྐུར་ཞིག་བགྱིས་སྐབས། དབང་ཡོན་དུ་རྒྱལ་བ་བྱམས་པའི་སྐུ་ལི་མ་དངོས་གཙང་ཞིག་བྱུང་བ་སྔགས་འཆང་ཉིད་ལ་སྤྱན་ལམ་ཕབ་པས། སྔགས་འཆང་ཉིད་ཀྱི་གསུང་ལས། འདི་རྟེན་འབྲེལ་བཟང་། བྱམས་པའི་བསྟན་པ་མ་ཤར་བར་གདུང་སྤེལ་བྱས་ནས་སྡོད་ཟེར་བའི་རྟེན་འབྲེལ་ཡིན་གསུང་བྱུང་བ་དང་། ཡང་དེ་དུས་ཀྱི་སྐབས་ཤིག་གསུང་ལས། ངེད་ཀྱིས་ཀྱང་སྔགས་འཆང་ཆེན་པོའི་བཀའ་ཆེམས་སྙིང་ལ་བཅངས་ནས་གདན་སའི་འཛིན་སྐྱོང་གི་ཆེད་དུ་ཕྱི་ནང་གསང་གསུམ་ནས་ཡིད་ཆད་གཏོར་བ་མང་དུ་བྱུང་ཡང་བཟོད་རང་བསམ་པ་བྱས་བསྲན་བསྐྱེད་བས་ས་སྐྱ་མིང་མ་སྟོང་ཙམ་བྱུང་བ་འདི་ཡིན། ད་ཆ་ཁྱོད་ཀྱིས་ངེད་ལ་མི་ཉན་པ་འཛིན་སྐྱོང་སྤེལ་གསུམ་མི་བྱེད་ན་ང་ཡང་སུ་ལ་བསམས་ནས་སྡོད་དུ་འདུག གང་ནའང་ངེད་ཀྱིས་སྔགས་འཆང་ཆེན་པོའི་བཀའ་ཆེམས་བློས་མ་ཐོང་བ་བཞིན་ཁྱོད་ཀྱིས་ངེད་ཀྱི་ངག་ཀྱང་མི་གཅོག་པ་བྱེད་དགོས། དེ་བཞིན་མ་བྱས་ན་གོང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱང་ཐུགས་ཁྲེལ་འགྲོ་ཞེས་གསུངས་ཤིང་། ཡང་དུས་ཕྱིས་རིགས་འཛིན་བརྒྱུད་པའི་རྟེན་བཞེངས་གནང་སྐབས་ངེད་ཀྱི་རྟེན་གསར་བཞེངས་བློ་ལ་ཡོད་པ་ལྟར་འདི་རྣམས་ཀྱི་མཇུག་ཁྱེད་