R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༤བ
[A:༣༡༤བ]ཁྱེར་དགོས་བྱུང་བ། འདི་བཞིན་དགོས་པའི་ལུང་བསྟན་བཀའ་ཆེམས་ཀྱི་ཚུལ་དུ་བདག་གི་བླ་མ་རྒྱལ་སྲས་སྦས་པའི་རྣལ་འབྱོར་ཆེན་པོ་སྔགས་འཆང་གྲགས་པའི་མཚན་ཅན་དེ་ཉིད་ཀྱིས་ཡང་ཡང་དུ་བཀའ་སྩལ་པ་བཞིན་ཐོག་ཏུ་བབས་པ་ཡིན་ཏེ། དེ་ཡང་རང་ལོ་བརྒྱད་གཉིས་ལྷག་ཙམ་ལོན་པའི་སྐབས་སུ་སྔགས་འཆང་ཉིད་ཀྱི་གསུང་ལས། ས་སྐྱ་པའི་བསྟན་པ་ལ་གདན་སའི་འཛིན་སྐྱོང་འདི་ལས་གལ་ཆེ་བ་མི་འདུག་ཅིང་། འདིའི་འཛིན་སྐྱོང་ཡང་ཞལ་ངོ་ན་རིམ་བཞིན་གྱི་བཞོན་པ་ལ་བཀའ་བབས་ཤིག་ཡོད་པ་དང་། ལྷག་པར་བསམ་ཡས་ཆོས་སྐྱོང་ཆེན་པོས་ཀྱང་རྡོ་རྗེ་གདན་གྱི་འཛིན་སྐྱོང་རིགས་གསུམ་མགོན་པོའི་རྣམ་སྤྲུལ་གྱི་གཞོན་པ་དེ་ལ་བཀའ་བབས་ཡོད་དོ་ཟེར་བ་ཐང་གཉིས་རང་ངེད་རང་ལ་ཡི་གེ་བྱུང་བ་སོགས་གང་ནས་བསམས་ཀྱང་ཁྱོད་ཀྱིས་གདན་སའི་འཛིན་སྐྱོང་སྤེལ་གསུམ་བྱས་པའི་རབ་བྱུང་གི་བརྟུལ་ཞུགས་འདི་དོར་ནས་ངེད་རང་བཞིན་བགྱིས་ན། ང་ཡང་བསམ་པ་དེ་གས་རྫོགས་ཤིང་ངེད་རང་གི་གཟུགས་པོས་ནམ་ལྕོགས་བར་ཁུར་ཡང་ལེན་པ་དང་། དེ་ལྟར་བྱས་ན་རང་རེ་ལ་དགྲ་གཉེན་གྲོགས་གསུམ་སུས་ཀྱང་བསམ་ངན་སྦྱོར་རྩུབ་ཀྱིས་མི་ཚུགས་པ་སོགས་ཐུགས་ཀྱི་དཀྱིལ་ནས་གཞལ་བའི་ལུང་བསྟན་བསླབ་སྟོན་གྱི་ཚོགས་དྲན་པ་ཙམ་གྱིས་མིག་ཆུ་རང་དབང་མེད་པ་འཆོར་བ་དུ་མ་ལྷུག་སྩོལ་དུ་གནང་བ་དང་། ཡང་དུས་དེའི་སྐབས་ཤིག་ངེད་རང་ངམ་རིང་ན་ཡོད་སྐབས་ཐུགས་དམ་ཕྱག་བྲིས་མ་ཞིག་གནང་བྱུང་བའི་ནང་ན་ཡང་། ངོས་ནི་ཉེར་དགུའི་ཟླ་བར་འདུག བསྟན་པ་ལ་གདན་སའི་འཛིན་སྐྱོང་ལས་ཁག་ཆེ་བ་མི་འདུག་པ་སོགས་ཞིབ་ཆ་མཐའ་དག་ངོས་ཀྱིས་གླེང་བ་