R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༤ན
[A:༣༡༤ན]བརྙན་གསེར་ཟངས་ལས་གྲུབ་པ་སོགས་ཀྱི་ནང་དུ་བཞུགས་སུ་གསོལ་ཞིང་། གཞན་ཡང་ཉིད་ཀྱི་སྐུ་ཚབ་དབུ་རྩེ་རྙིང་མ་ན་བཞུགས་པའི་ལམ་འབྲས་བརྒྱུད་པ་རྣམས་དང་སྐུ་ཚད་མཉམ་པའི་གསེར་སྐུ་གསར་བཞེངས་སུ་བགྱིས་ཤིང་། གཞན་ཡང་ལོ་དུས་ཟླ་དུས་ཀྱི་མཆོད་པར་ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་རྒྱུད་འདོན། བླ་མ་མཆོད་པའི་ཆོ་ག འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད་རྡུལ་ཚོན་མ་སོགས་ནར་མར་བསྒྲུབ་པ་འདི་ལེགས། དེའི་གཅུང་གི་ཐ་སྙད་དུ་གྱུར་པ། སྦས་པའི་སངས་རྒྱས་མི་གཟུགས་ཅན་སྔགས་འཆང་གྲགས་པའི་མཚན་ཅན་ཞབས་ཀྱི་སྲས་ཀྱི་ཐ་ཆུང་ཁོ་བོ་ཅག་ནི། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དགུང་ལོ་སུམ་ཅུ་རྩ་ལྔར་ཕེབས་པ་མེ་མོ་བྱའི་ལོ་དཔལ་ས་སྐྱའི་ལྷ་ཆེན་ཕུན་ཚོགས་གླིང་གི་བླ་བྲང་དུ་སྐྱེས་སོ། །སྐྱེས་སྦྱང་གི་བློ་གྲོས་ཆེར་དམན་པས་ལུགས་གཉིས་གང་ལ་ཡང་བླང་དོར་ཤེས་པའི་རྣམ་དཔྱོད་དང་བྲལ། ཆགས་སྡང་རྨོངས་གསུམ་ལ་ལོངས་སྤྱོད་པའི་ངང་ནས་ཟ་ཉལ་འཆག་གིས་དུས་འདའ་ཞིང་གནས་པ་ཀུན་གྱིས་གཟིགས་གསལ་དུ་ཕེབས་པ་འདི་ཡིན་ལ། འོན་ཀྱང་ངེད་རང་ཆུང་ངུ་ནས་ཆོས་ཀྱི་བག་ཆགས་ཆེས་ཆེ་བའི་སྟོབས་ཀྱིས་གཞོན་ནུ་རབ་བྱུང་བསྟན་པའི་སྒོར་ཞུགས་ནས་མི་ཚེ་བཤད་སྒྲུབ་ཀྱིས་འདའ་བ་ཞིག་འདོད་ཀྱང་། དུས་ཀྱི་དབང་གིས་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་བསྟན་པ་སྟོབས་ཀྱིས་འཛིན་པ་ཞིག་རང་ངོས་ནས་ངལ་བ་ལྷུར་ལེན་མ་བགྱིས་ན། སྤྱིར་བོད་ཁམས་ཀྱི་བདེ་སྐྱིད་དང་། བསྟན་པ་ཡོངས། ལྷག་པར་ས་སྐྱའི་རྩ་བ་སྟོང་པ་ལ་ཐུག་པ་ནས་མི་ཐེག་བཞིན་དུ་གདན་སའི་ལུགས་གཉིས་ཀྱི་ཁུར་འདི་བཞིན་