R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༣བ
[A:༣༡༣བ]གཙང་ཁམས་གསུམ། སྟོད་མངའ་རིས་དང་བཅས་པའི་གང་དུ་ཕེབས་པ་དང་བཞུགས་པའི་གནས་ཐམས་ཅད་དུ་གྲུབ་པའི་མཛད་པ་ཡ་མ་ཟུང་ཁོ་ནས་དུས་འདའ་ཞིང་། འགྲོ་བ་རྣམས་ཀྱི་མགོན་སྐྱབས་དམ་པ་མཛད་བཞིན་པ་ད་ལྟ་དགུང་ལོ་ཞེ་གཉིས་པའི་སྟེང་ན་བཞུགས་པ་འདི་ཡིན་ནོ། །འདིའི་གཅུང་ཞིག་གཞོན་ནུ་ལ་གཤེགས། དེའི་གཅུང་ངག་དབང་ཀུན་དགའ་དབང་རྒྱལ་ནི། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དགུང་ལོ་སུམ་ཅུ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་ལ་དཔལ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་དུ་འཁྲུངས་ཤིང་། གཞོན་ནུ་ཉིད་ནས་ཡོན་ཏན་གྱི་མ་མོ་འདྲི་ཀློག་སོགས་ལ་སྦྱངས། འཇམ་པའི་དབྱངས་སྐུ་མཆེད་དང་། རྗེ་ཐར་རྩེ་ནས་ནམ་མཁའ་དཔལ་བཟང་སོགས་ལས་གསན་པ་རྒྱ་ཆེར་མཛད། བདེ་ཀྱེ་ཕུར་པ་སོགས་ཀྱི་དུས་དང་གྲངས་ཀྱི་བསྙེན་པ་མཐར་ཕྱིན་པས་མཚན་མ་ངོ་མཚར་ཅན་མང་དུ་བརྙེས་ཤིང་། དགུང་ལོ་ཉེར་བརྒྱད་བཞེས་པ་ཚུན་ཆད་དུ་བསྟན་པ་དང་སེམས་ཅན་གྱི་དོན་ཅི་རིགས་པ་མཛད་ནས། ཉེར་དགུ་པ་ས་ག་ཟླ་བའི་ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་དུས་ཆེན་ཐོག་ཏུ་གཞི་ཐོག་བླ་བྲང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཞི་བར་གཤེགས་སོ། །དེ་ནས་ངེད་རང་གིས་ཀྱེ་རྡོ་རྗེ་ལ་བརྟེན་ནས་སྐུ་གདུང་རིན་པོ་ཆེའི་ཞབས་ཏོག་ཚུལ་བཞིན་དུ་བགྱིས་ཏེ། ལོ་ངོ་གསུམ་གྱི་བར་དུ་མཆོད་པ་རྒྱ་ཆེན་པོ་དང་བཅས་སྐུ་གདུང་རིལ་པོར་བཞུགས་ཤིང་། དེ་ནས་ཁྱི་ལོ་བཞུ་འབུལ་གྱི་ཞབས་ཏོག་བགྱིས་ནས། གདུང་རུས་རྣམས་འཇམ་དབྱངས། སློབ་དཔོན་པདྨ། ཚེ་དཔག་མེད། མཆོད་རྟེན་བརྒྱ་ཙམ་ལ་སོགས་པའི་གདུང་ཚ་མང་དུ་བསྒྲུབས་ནས་སྔགས་འཆང་གྲགས་པའི་མཚན་ཅན་གྱི་སྐུ་