R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༣ན
[A:༣༡༣ན]ཞེས་ཐོས་ལ། དེ་ནས་བདག་ཆེན་གྱིས་པུར་གྱི་ཆག་ཕྱི་དང་ནང་རྟེན་བཞེངས་པ་སོགས་མཛད་ནས་སོག་ཡུལ་དང་། རྒྱ་དར་རྩེ་མདོ་སོགས་སུ་ཕེབས་ཏེ། སླར་ས་དཀར་འདབ་འདོབ་ཕྱོགས་སུ་ཕེབས་པར་ཉེ་བ་ན། སྐྱེ་བོ་མི་སྲུན་པ་འགའ་ཞིག་གི་བྱེད་པ་སོགས་རྐྱེན་ཅུང་ཟད་ཞིག་ལ་བརྟེན་ནས་དབུས་གཙང་ཕྱོགས་སུ་ཕེབས་ཏེ། ངེད་རང་སྐུ་མཆེད་དགེས་པར་མཇལ་ཞིང་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ལེགས་ལམ་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་གྱུར་ཏེ། དེ་དུས་གོང་ནས་ཟང་ཟིང་གི་གནང་སྦྱིན་རྒྱ་ཆེ་བ་སྩལ་ཞིང་། འདི་ནས་ཀྱང་འབུལ་ནོད་བསམ་གྱིས་མི་ཁྱབ་པ་བསྒྲུབས་ལ། ཁྱད་པར་ས་ལོ་ཐམས་ཅད་མཁྱེན་པའི་ཐུགས་དམ་མ་ལམ་ཟབ་བརྒྱུད་པ་སྐུ་རྒྱུ་ལི་ཁྲ་ལས་བྱས་པ་སྔགས་འཆང་ཆེན་པོ་ཡབ་སྲས་རྣམས་ཀྱི་གཟིམས་ཆུང་རྟེན་གྲལ་དུ་རྒྱུན་དུ་ཞུགས་པའི་བྱིན་རླབས་དང་བཟོ་ཁྱད་ཁྱད་པར་ཅན་དེ་ཉིད་རྟེན་ཚབ་ཏུ་བཞེས་ཏེ། ཁམས་ཕྱོགས་ནས་བསྣམས་པའི་སྐུ་འདྲ་རྒྱ་གར་མ་དང་རྒྱ་ནག་མ་འགའ་ཞིག་གནང་བྱུང་བ་ནི་དུས་ཕྱིས་ཁོ་བོ་ཅག་གིས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་རྣམ་པ་གསུམ་བརྒྱུད་པ་དང་བཅས་པའི་ཐུགས་ཀྱི་དགོངས་པ་བསྐང་བའི་ཕྱིར། གདན་ས་ཁྱད་པར་ཅན་འདི་ཉིད་དུ་ལི་མ་ལྷ་ཁང་དང་རྒྱ་ནག་ལྷ་ཁང་གསར་བཞེངས་སུ་བགྱིས་པ་ལ་ཕན་ཆེ་བ་བྱུང་བ་ཡིན་ལ། དེ་ལྟར་རྗེ་བཙུན་མཐུ་སྟོབས་ཀྱི་མཚན་ཅན་ཉིད་ཀྱི་སྐུ་གཞོན་ནུའི་དུས་ནས་ཡི་དམ་ཞི་ཁྲོ་རྣམས་དང་། རྡོ་རྗེ་ཆོས་སྐྱོང་སོགས་ཀྱི་གསུང་བསྙེན་རྣམས་མཐར་ཕྱིན་པར་མཛད་པས། སོ་སོས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པའི་མཚན་མ་བརྙེས། མདོར་ན་དབུས་