R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༢བ
[A:༣༡༢བ]གསལ་བའི་བསྟན་བཅོས་ཚོགས་ཆེན་མོར་ཉི་མ་གསུམ་གྱི་བར་དུ་གསུངས་པས་ཀུན་གྱི་ཡིད་འཕྲོག་པར་གྱུར། དེ་དུས་དབུས་གཙང་མངའ་རིས་དང་བཅས་པའི་སྡེ་དཔོན་རིགས་རྣམས་ཀྱིས་ཁྲི་སྟོན་གྱི་འབུལ་ནོད་བསམ་གྱིས་མི་ཁྱབ་པ་ཉིན་རེ་བཞིན་ཡང་བགྲང་བ་ལས་འདས་པ་ཆར་བཞིན་དུ་བབས་པས། དེ་དུས་ཀྱི་དཔལ་འབྱོར་ལོངས་སྤྱོད་དེ་ཙམ་རྒན་རབས་སུས་ཀྱང་མི་དྲན་པར་གྲགས། རྗེ་དེ་ཉིད་ཀྱིས་སླར་ཡང་རྗེ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་ཞིང་ཟབ་ཆོས་མང་དུ་གསན། དེ་ནས་ཁམས་ཕྱོགས་ཀྱི་ས་སྐྱ་པའི་བསྟན་པའི་རྩ་བ་ས་དཀར་འདབ་འདོབ་ཀྱི་དགོན་མཆོད་གཞིས་དང་བཅས་པའི་ཞལ་བདག་མཛད་པར་ཤར་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། བདག་ཆེན་ཀུན་དགའ་ལེགས་པ་དང་དགེས་བཞིན་དུ་མཇལ། དེ་ནས་སྒ་གསེར་ཁ། དར་རྩེ་མདོ་སོགས་སུ་གཞན་ཕན་རྒྱ་ཆེར་མཛད་ནས། སླར་འཇམ་དབྱངས་སྐུ་མཆེད་སོགས་མཇལ་བ་ལ་དབུས་གཙང་ཕྱོགས་སུ་ཆག་ཕེབས་ཏེ། དཔལ་ལྡན་ས་སྐྱར་ཡུན་མི་རིང་བ་ཞིག་བཞུགས་ནས། སླར་ཡང་ཤར་ཕྱོགས་ལ་ཆིབས་ཁ་བསྒྱུར་ཏེ། བདག་ཆེན་ཀུན་དགའ་ལེགས་པ་ཉིད་ཞིང་བརྗེ་ལ་ཁད་དང་མཇལ་བས་སྐབས་ཟོས་པར་བྱུང་། དེ་དུས་བདག་ཆེན་པའི་གསུང་གིས་སྔར་ཡན་ཆད་ཉི་མ་ཁམས་ཕྱོགས་ཀྱི་ས་སྐྱ་པའི་བསྟན་པ་ངེད་ཁུ་དབོན་རྣམས་ཀྱིས་བཟུང་བ་དེ་ཡིན། ད་ཕྱིན་ཆད་ཁམས་ཕྱོགས་འདིའི་ས་སྐྱ་པའི་བསྟན་པའི་ཆགས་འཇིག་གདུང་བརྒྱུད་མཐུ་སྟོབས་པ་ཁྱེད་ལ་རག་ལས་པས་སེམས་ཁུར་ཆེ་བར་བྱེད་དགོས་ཞེས་པའི་བཀའ་སྩལ་ཕེབས་ནས་དེ་མ་ཐག་དག་པའི་ཞིང་དུ་གཤེགས་སོ་