R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༢ན
[A:༣༡༢ན]ཡབ་གཅིག་སྔགས་འཆང་བླ་མ་ཁྱེད། །མི་མངོན་དབྱིངས་ནས་དགོངས་པ་རྫོགས་གྱུར་ན། །རང་གཞན་འདི་ཕྱིའི་དོན་ཆེན་འགྲུབ་སྙམ་པ། །འདི་ཙམ་ཁོ་ན་སེམས་ཀྱི་ངལ་གསོའི་གནས། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །མཁྱེན་བརྩེ་ནུས་ལྡན་རྩ་བའི་བླ་མ་རྣམས། །གཅིག་ཏུ་འདུས་པ་སྔགས་འཆང་གྲགས་པའི་མཚན། །གསོལ་བ་འདེབས་སོ་དོན་ཀུན་ལྷུན་གྲུབ་སྩོལ། །ཞེས་པའང་རང་བབས་སུ་སྨྲས་ཤིང་གསོལ་བ་བཏབ་པའོ། །དེ་ལྟ་བུའི་སྔགས་འཆང་བླ་མ་གྲགས་པའི་མཚན་ཅན་དེ་ཉིད་ཀྱིས་བྱང་ཕྱོགས་ཀྱི་ས་སྐྱོང་ཆེན་པོའི་ལྕམ་མོ་ལ་སྲས་བསོད་ནམས་རྒྱལ་མོ་ཞེས་བྱ་བ་ཁབ་ཏུ་བཞེས་པ་ལ། སྲས་ལྕམ་སྲིང་དྲུག་འཁྲུངས་པའི་ལྕམ་སྲིང་གཉིས་གཞོན་ནུ་ལ་གཤེགས་ཤིང་། སྐུ་མཆེད་གསུམ་གེགས་མང་དུ་བྱུང་བའི་འཇམ་དབྱངས་མཐུ་སྟོབས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ནི། ཡབ་སྔགས་འཆང་གྲགས་པའི་མཚན་ཅན་ཉིད་དགུང་ལོ་ཉེར་དྲུག་བཞེས་པ་ས་ཕོ་བྱི་བའི་ལོ་ལ་གདན་ས་ཆེན་པོར་སྐུ་འཁྲུངས། སྐུ་གཞོན་ནུ་ནས་ཡོན་ཏན་གྱི་རྩ་བ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན་ཅིང་། ཐུགས་གསལ་བ་མཐར་ཐུག་པས་ཀུན་གྱི་ཡིད་འཛིན་པ་ལ་མཁས་པ་ཞིག་ཡིན་ནོ་ཞེས་ཐོས་ལ། དེ་དེའི་སྐབས་ནས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མཆེད། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་སོགས་ལས་ཡབ་ཆོས་མཐའ་དག་གསན་ཅིང་། དགུང་ལོ་བཅུ་གསུམ་པ་ལ་ངེད་རང་སྐུ་མཆེད་གསུམ་ལྷན་ཅིག་ཏུ་ཆོས་ཁྲི་ཆེན་མོར་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་། རྗེ་ཉིད་ཀྱིས་ཐུབ་པའི་དགོངས་པ་