R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༡བ
[A:༣༡༡བ]བཞེས་པ་སྙམ་བྱེད་པའི་མོད་ལ་གཉིད་སད་བྱུང་བས། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ལ་བཅོས་མ་མ་ཡིན་པའི་དད་པ་སྙིང་ཐག་པ་ནས་སྐྱེས་ཏེ། དེའི་སྐབས་སུ་གསོལ་འདེབས་ཀྱི་ཡི་གེ་བསམ་པ་ལྷུན་གྲུབ་ཅེས་བྱ་བ་དེ་ཡང་བརྩམས་པ་ལགས་སོ།། །།འདིར་སྨྲས་པ། ཕྱི་ལྟར་སྔགས་འཆང་གོས་དཀར་ལྕང་ལོ་ཅན། །ནང་ལྟར་རྒྱལ་བ་རབ་འབྱམས་འདུས་པའི་དངོས། །གསང་བ་རང་སེམས་ཡེ་ཤེས་ངོར་བཞུགས་པའི། །ཡབ་རྗེ་ཆོས་ཀྱི་རྒྱལ་པོར་སྙིང་ནས་དད། །གང་སྐུ་གངས་རིའི་སྤོ་ལྟར་ལྷུན་ཆགས་ཤིང་། །ཟླ་རྒྱས་བཞིན་རས་འཛུམ་པའི་མདངས་གསལ་བ། །ལན་གཅིག་མིན་པར་ཡང་ཡང་ཡིད་ལ་གཅགས། །དེ་འདྲ་དྲན་པས་སྙིང་ནས་གདུང་བས་འདུད། །གང་གསུང་མཆོག་དམན་སྐྱེ་བོའི་ཚོགས་ཀུན་གྱི། །གང་ཟག་སྐྱོན་ནས་གསུང་བ་ཞབས་དྲུང་དུ། །རྟག་ཏུ་གནས་པ་ཀུན་གྱིས་མ་ཐོས་པའི། །དེ་འདྲའི་གསུང་གི་ཡོན་ཏན་དྲན་བཞིན་འདུད། །གང་ཐུགས་དགྲ་གཉེན་བར་མའི་འགྲོ་རྣམས་ལ། །བྱམས་སྡང་ཁྱད་མེད་འབྱོངས་པའི་སེམས་དཔའ་ཆེ། །ས་སྐྱའི་སྡེ་དང་བསྟན་པ་རྒྱས་པའི་ཐབས། །གཅིག་ཏུ་དགོངས་པའི་ཐུགས་དེ་བསམ་གྱིན་དད། །མགོན་ཁྱོད་ཞིང་གཞན་གཤེགས་པའི་ཚུལ་བསྟན་ཀྱང་། །སྲས་ཀྱི་ཐ་ཆུང་བདག་ལ་ཐུགས་བརྩེ་བས། །རྨི་ལམ་ངང་དུ་ཞལ་གྱི་དཀྱིལ་འཁོར་མཆོག །རྒྱུན་ཆད་མེད་པར་བསྟན་པས་སྤྲོ་བ་འཕེལ། །བདག་ཅག་ལུགས་གཉིས་བློ་གྲོས་མིག་བྲལ་ཞིང་། །གོང་མའི་མཛད་འཕྲིན་རྒྱུན་བཟང་སྐྱོང་དཀའ་བས། །བེ་འུ་འི་ཕྲག་པར་གླང་ཆེན་ཁུར་བོར་ལྟར། །བསྟན་པའི་ཁུར་གྱིས་ལུས་སེམས་མནར་མོད་ཀྱང་། །རྒྱལ་བའི་