R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༡ན
[A:༣༡༡ན]བདེ་མཆོག་གི་དཀྱིལ་འཁོར་རྡུལ་ཚོན་མ་བཞེངས་ཏེ་སྒྲུབ་མཆོད་ཡུན་རིང་དུ་འབུལ་བ་སོགས་དང་། མདོར་ན་རང་གི་ལུས་ལོངས་སྤྱོད་ཐམས་ཅད་རྗེ་བཙུན་བླ་མ་ཐུགས་རྗེ་ཅན་དེ་ཉིད་ཀྱི་དགོངས་པ་རྫོགས་ཐབས་སུ་ཅི་འགྱུར་གྱི་ཐབས་ལ་འབད་རྩོལ་བགྱིད་བློ་མི་དམན་ཙམ་ཡོད་པ་འདི་ལགས། དེ་ལྟ་བུའི་སྔགས་འཆང་སྤྲུལ་པའི་སྐྱེས་མཆོག་མཁྱེན་བརྩེ་ནུས་པའི་མངའ་བདག་འབྲེལ་ཚད་དོན་དང་ལྡན་ངེས་པ་དེ་ཉིད་གདུལ་བྱ་གཞན་གྱི་སྣང་ངོར་ཐུན་མོང་དུ་སྣང་བའི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་མོད་ཀྱང་། ལས་དག་པའི་གདུལ་བྱ་རྣམས་ཀྱིས་གསོལ་བ་བཏབ་ན་རྒྱུན་ཆད་མེད་པར་ཞལ་བསྟན་ནས་བྱིན་གྱིས་རློབས་པར་ངེས་ཏེ། བདག་ཉིད་ཆེན་པོའི་སློབ་བུའི་ཐ་ཆུང་ཁོ་བོ་ལྟ་བུ་ལ་ཡང་དུས་ཕལ་ཆེར་དུ་རྨི་ལམ་དུ་གསལ་བར་མཇལ་བ་དང་། ལྷག་པར་བྱི་ལོ་ཟླ་བ་བཅུ་པའི་ཚེས་དྲུག་གི་ཐོ་རངས་རྨི་ལམ་དུ་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་གཞི་ཐོག་བླ་བྲང་གི་རབ་གསལ་ཤར་མ་ན་བཞུགས་ཁྲི་མཐོ་བ་ཞིག་གི་སྟེང་ཞལ་ནུབ་ཏུ་གཟིགས་ནས་བཞུགས་འདུག་པའི་སྐུ་མདུན་ན་རྒྱ་ཇ་སོགས་དངོས་པོ་མང་དུ་འདུག་པ་ལ། ངེད་རང་ལ་སྤྱན་གྱིས་གཟིགས་ནས་དགེས་པའི་མདངས་བསམ་གྱིས་མི་ཁྱབ་པ་ཞིག་མཛད་དེ། སྐུ་མདུན་གྱི་དངོས་པོ་རྣམས་ལ་འདི་རྣམས་ལ་ཐོ་རྒྱབ་ཡོད་དོ་གསུངས་ནས་ངེད་རང་ལ་སྩལ་བ་སྙམ་བྱེད་ཅིང་། ལྷག་པར་སེམས་ཐོག་ན་ཡོད་པའི་དོགས་པ་ཤིན་ཏུ་ཆེ་བ་ཞིག་ལ་འདི་ལྟར་གྱིས་ཤིག་པའི་བསླབ་བྱ་ལྷུག་སྩོལ་དུ་གནང་བྱུང་བ་ལ། རྗེས་སུ་ཡི་རང་བའི་ཚིག་མང་དུ་ཞུས་ཤིང་། སླར་ཡང་དུས་རྟག་ཏུ་རྩེ་བས་སྐྱོང་བར་ཞལ་གྱིས་