R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༠བ
[A:༣༡༠བ]ཀྱི་དྲི་བསུང་ཅན་བུབས་མ་ཉམས་པ། ཐེག་ཆེན་རིན་པོ་ཆེའི་སྐུ་འདྲ་ཕྱག་ནས་མ་སྤྱན་འགུག་ཏུ་རིང་བསྲེལ་ཞིག་གསར་དུ་བྱོན་པའི་བྱིན་རླབས་ཡིད་ཆེས་ཅན། སྔགས་འཆང་ཆེན་པོའི་སྐུ་འགག་དྲི་ཞིམ་མ་ཁྱད་པར་ཅན་དང་ལྡན་པ་བུབས་མ་ཉམས་པ། སློབ་དཔོན་པདྨའི་གཏེར་སྐུ་བྱིན་རླབས་ཅན། གཞན་ཡང་བླ་མ་གོང་མ་ན་རིམ་བཞིན་གྱི་དབུ་ལོ་ན་བཟའ་ཕྱག་སེན་ཞབས་སེན་སྐུ་ཤ་དམ་རྫས་རིལ་བུ་སོགས་བྱིན་རླབས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་དང་། སྟོད་སྨད་བར་གསུམ་དུ་དགོས་པའི་གཟུངས་སྔགས་ཟབ་མོ་བགྲང་བ་ལས་འདས་པ། མདོར་ན་གནོད་སྦྱིན་འཁོར་ལོའི་བར་གྱི་རྒྱུད་སྡེ་ནས་བཤད་པའི་གཟུངས་ཞུགས་ཚང་ལ་མ་ནོར་བས་གདུང་རྟེན་གྱི་ནང་ཐམས་ཅད་ཁྱབ་པར་ཕུལ་ཏེ། མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང་བཅས་ནས་གཞི་ཐོག་བླ་བྲང་གི་ནུབ་ཕྱོགས་རིགས་འཛིན་བླ་མ་བརྒྱུད་པའི་ཕོ་བྲང་གི་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གདུང་རྟེན་རིན་པོ་ཆེའི་གཡོན་ཕྱོགས་སུ་བཞུགས་སུ་གསོལ་ནས། ཁོ་བོ་ཅག་རྡོ་རྗེ་འཛིན་པའི་འཁོར་དུ་མ་དང་བཅས་པས་རབ་ཏུ་གནས་པ་སྨིན་རྒྱས་སུ་བགྱིས་ཏེ། ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་ལྷར་བཅས་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དམ་པར་བརྟན་པར་བཞུགས་པ་འདི་ཡིན་ལ། གཞན་ཡང་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་དགོངས་པ་ཆོས་དབྱིངས་སུ་རྫོགས་པའི་ཕྱིར་ཟླ་བ་བྱུང་ངོ་ཅོག་གི་དུས་ཆེན་གྱི་ཚེས་གྲངས་དང་བསྟུན་ནས། ཚོགས་ཆེན་དུ་མང་ཇ། ཀྱེ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པའི་རྒྱུད་འདོན། བླ་མ་མཆོད་ཆོག་རྒྱས་པར་སྒྲུབ་པ་སོགས་དང་། ལོ་དུས་ཀྱི་དུས་དྲན་གྱི་མཆོད་པ་འབུལ་བར་ཟབ་མོའི་ཡང་རྩེ་འཁོར་ལོ་