R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༡༠ན
[A:༣༡༠ན]པའི་རྣམ་རྒྱལ་མཆོད་རྟེན་རྒྱུ་རིན་པོ་ཆེ་དངུལ་ལས་གྲུབ་ཅིང་བཟོ་ཁྱད་དང་ཕྲ་རྒྱན་སོགས་ཕུན་སུམ་ཚོགས་པ་ཀུན་གྱིས་མཐོང་ན་ཡིད་འཕྲོག་པ་ངོ་མཚར་ཅན་ཉིད་ལེགས་པར་བཞེངས་ཏེ། དེའི་གཟུངས་ཞུགས་ཀྱི་གཙོ་བོར་སྔགས་འཆང་བླ་མ་དེ་ཉིད་ཀྱི་གདུང་རིང་བསྲེལ་དབུ་ལོ་སོགས་སྟོབས་ཆེ་བ་དང་། ཉིད་ཀྱི་སྐུ་འདྲ་ཕྱག་ནས་སྟོང་ཚར་མ། རྗེ་ཉིད་ཞལ་བཞུགས་དུས་ངེད་རང་ལ་གནང་བའི་ཚེམས་དང་ཞལ་རྒྱན་བུབས། གཟུགས་སྐུ་བསྡུ་བའི་དུས་སུ་སྐུ་ལ་མཆོད་བཞིན་པའི་ན་བཟའ་བྱང་སེམས་དཀར་དམར་གྱི་རྒྱུན་ཆེན་པོ་བབས་པ་དེ་ཉིད་བུབས་མ་ཉམས་པ། ཉིད་ཀྱིས་ཀྱེ་རྡོར་གཞི་བསྙེན་མཛད་དུས་ཀྱི་དབུ་སྐྲའི་ཟེགས་མ་ལ་སྔགས་འཆང་ཆེན་པོའི་ཕྱག་བྲིས་འབྱར་མ། གཞན་ཡང་ས་ལོ་ཐམས་ཅད་མཁྱེན་པའི་སྐུ་འདྲ་ཕྱག་ནས་བརྒྱ་ཚར་མ། སྔགས་འཆང་ཆེན་པོའི་སྐུ་ཚེ་ཧྲིལ་པོར་འབྲལ་སྤངས་མཛད་པ་དེ་ཉིད་དང་། ཡང་ས་ལོའི་པུར་རས་ལ་སྔགས་འཆང་ཆེན་པོས་བཞེངས་པའི་ལམ་འབྲས་བརྒྱུད་པའི་བྲིས་ཐང་། རྗེ་བཙུན་གྱི་ཕྱག་ནས་བཞུགས་པའི་བྲིས་ཐང་ཆུང་ངུ་། ས་ལོའི་སྐུ་འདྲ་བརྒྱ་རྩའི་དྲུང་དུ་སྔགས་འཆང་ཆེན་པོ་རེ་རེ་དང་བཅས་པ་ཡོད་པའི་བྲིས་སྐུ་བྱིན་རླབས་ཅན། བདེ་ཀྱེ་གསང་གསུམ་རྣལ་འབྱོར་མ་དང་བཅས་པའི་བྲིས་སྐུ་བླ་མ་གོང་མ་རྣམས་ཀྱི་གསུང་བསྙེན་མཛད་དུས་ཀྱི་ཐུགས་དམ་རྟེན་འཁྲུལ་མེད་རེ་རེ་ཁྱབ་བདག་འཁོར་ལོའི་མགོན་པོ་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན་གྱི་བྲིས་འབུར་གྱི་སྐུ་རྗེ་ཉིད་ཀྱི་ཕྱག་ནས་བརྒྱ་རྩ་མ། མུས་ཆེན་གྱི་གདུང་ཚ་གདུང་རུས་དབུ་ལོ་རྣམས་སྟོབས་ཆེ་བ་དང་། སྐུ་ཆོས་ཚུལ་ཁྲིམས་