R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༩བ
[A:༣༠༩བ]ཆིལ་གྱིས་འཁྱིལ་བ་གདུང་བཞུ་བའི་དུད་པ་མ་ཡལ་གྱི་བར་དུ་བྱུང་ནས། སླར་ཡང་དཔོན་པོ་རི་ཕྱོགས་སུ་ཕྱི་འགྲོས་ཀྱི་ཚུལ་གྱི་རིམ་གྱིས་ཡལ་བ་ཀུན་གྱིས་མཐོང་ཞིང་། གདུང་རྣམས་ཕལ་ཆེར་རིང་བསྲེལ་དང་གདུང་ལོག་ཁོ་ནར་གྱུར་ཅིང་། དེ་ནས་བདག་ཉིད་ཆེན་པོའི་ཐུགས་དམ་གསལ་འདེབས་སུ་དགེས་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ་སྒྲུབ་མཆོད་ཡུན་རིང་དུ་ཕུལ་ཞིང་། དགོངས་རྫོགས་དངོས་གཞིའི་དུས་སུ་སྐྱ་སེར་ཁྲི་ཕྲག་ཏུ་ལོངས་པ་ལ་མང་ཇ་གདན་ནོན། ཟང་ཟིང་གི་འབུལ་འགྱེད་སོགས་བསམ་གྱིས་མི་ཁྱབ་པ་བསྒྲུབ་པ་དང་། དེ་ནས་རྗེ་ཉིད་ཀྱི་སྐུ་ཚབ་གསེར་སྐུ་ཐོག་ཚད་མ་ལ་སྔར་སྔགས་འཆང་ཆེན་པོའི་དགོངས་རྫོགས་སུ་བཞེངས་པའི་ལམ་ཟབ་བརྒྱུད་པའི་ཁ་བསྐང་སྟེ། ལམ་འབྲས་བླ་མ་བརྒྱུད་པའི་སྐུ་མི་ཚད་ཙམ་གྱིས་བསྐོར་བ་གསར་བཞེངས་སུ་མཛད་པའི་རྟེན་རྣམས་ཀྱི་གཟུངས་གཞུག་གི་གཙོ་བོ་ལ་བདག་ཉིད་ཆེན་པོའི་གདུང་ཚ་སྟོབས་ཆེ་བར་བཞུགས་སུ་གསོལ་ཞིང་། གཞན་ཡང་གཟུངས་སྔགས་དང་བྱིན་རླབས་ཀྱི་རྟེན་སོགས་དཔག་ཏུ་མེད་པ་བཞུགས་པའི་སྐུ་བརྙན་དེ་རྣམས་ལ་འཇམ་མགོན་གྲུབ་པའི་དབང་ཕྱུག་པདྨ་སམྦྷ་བའི་རྣམ་པར་སྤྲུལ་པ་དབང་པོའི་མཚན་ཅན་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དབྱངས་ངག་དབང་ཀུན་དགའ་དབང་རྒྱལ་ཏེ་ཁུ་དབོན་ཞལ་རྣམ་པ་གཉིས་གཙོ་བོར་བཞུགས་པ་ལ་རྡོ་རྗེ་འཛིན་པའི་འཁོར་དུ་མས་བསྐོར་བ་དང་བཅས་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད་དེ་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་ཤིང་། སླར་ཡང་ངོས་ཅག་གིས་བདག་ཉིད་ཆེན་པོ་དེ་ཉིད་ཀྱི་དགོངས་པ་རྫོགས་ཐབས་སུ་ཉིད་ཀྱི་ནང་རྟེན་དུ་དམིགས་