R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༩ན
[A:༣༠༩ན]འཕགས་པ་ལ་བྱང་སེམས་ཀྱི་ཟིལ་པ་ཕྲོམ་མེ་བར་གྱུར་ཏེ། ཉིད་ཀྱི་སྐུའི་སྐྱེ་བ་སྔ་མར་གྱུར་པའི་སྤྲུལ་པའི་སྐུ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ཉིད་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན་རྒྱལ་བ་བྱམས་པའི་ཞབས་དྲུང་ན་བཞུགས་པའི་གནས་དེར་སླར་ཡང་བྱོན་པར་གྱུར་ཏོ། །དེ་ལྟར་དབུ་ཐོད་འཕགས་པ་དང་དུས་མཉམ་དུ་ཤངས་ལས་བྱང་སེམས་དཀར་དམར་གྱི་རྒྱུན་ཤིན་ཏུ་བུངས་ཆེ་བ་བབས་ཏེ་སྐུ་གདུང་གི་མདུན་གྱི་ན་བཟའ་ཐམས་ཅད་ཚོས་པར་གྱུར་ཅིང་། འདི་ནི་རྣལ་འབྱོར་པ་རང་ཁ་བ་ཞིག་ཡིན་ཀྱང་འཆི་ཁར་གྲུབ་མཐའ་བསྙོགས་པའི་ཐུན་མོང་མ་ཡིན་པའི་རྟགས་སུ་བཤད་དེ། རྗེ་ས་སྐྱ་པ་ཆེན་པོའི་གསུང་རབ་འཁོར་ལོ་བདེ་མཆོག་གི་རིམ་བཞི་ལམ་བསླང་ཞེས་བྱ་བའི་བསྟན་བཅོས་ལས། ཆོས་ཀྱི་སྐུ་ལ་ཆོས་སྐུར་ངོ་ཤེས་པ། འཆི་ཁ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། རྣམ་ཤེས་སྤྱི་གཙུག་ཏུ་སོང་སྟེ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་སུ་འགྲོ་བར་འགྱུར་རོ། །དེའི་རྟགས་ཕའི་ཁུ་བའི་ཐིག་ལེ་སྣ་བུག་གཡོན་ན་མར་འབྱུང་ངོ་ཞེས་གསུངས་པས་སོ། །དེ་ནས་སྐུ་གདུང་གི་ཞབས་ཏོག་རྣམས་རྒྱུད་སྡེ་ནས་བཤད་པ་ལྟར་ཕུལ་ཏེ། རྗེ་བཙུན་གཅེན་གྱིས་ཡི་དམ་རྡོ་རྗེ་ཕུར་པ་ལ་བརྟེན་ནས་བཞུ་འབུལ་མཛད་པའི་ཚེ། ནམ་མཁའ་ལ་འཇའ་འོད་ཀྱི་ཕྲེང་བ་རབ་ཏུ་འཁྲིགས་པ་དང་མེ་ཏོག་གི་ཆར་ཁ་བ་ལྟར་བབ་ཅིང་། ཁྱད་པར་གདན་ས་ཆེན་པོའི་རྒྱབ་རི་དཔོན་པོ་རི་ཕྱོགས་ནས་འཇའ་འོད་སྣ་ལྔ་པ་ཞིག་ལྷོ་ཕྱོགས་སུ་ཐལ་གྱིས་སོང་ནས་གཞི་ཐོག་ཚོམས་དམར་གྱི་སྐུ་གདུང་བཞུ་ལ་བཞེན་པའི་བར་སྣང་གི་ཐད་ཙམ་དུ་