R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༨བ
[A:༣༠༨བ]ངོས་ལ་བྱོན་ཏེ་བར་སྣང་ལ་ཡལ་སོང་བ་མཐོང་བས། དེ་མ་ཐག་ཏུ་བུ་མོ་ཆུང་ངུ་དེ་ཉིད་རང་གི་མའི་རྩར་བྱུང་སྟེ་སྔར་གྱི་ལོ་རྒྱུས་རྣམས་སྒྲིབ་མེད་དུ་སྨྲས་བྱུང་བ་ན། མ་ཡང་ཧ་ལས་ཏེ་ད་ལོ་གོང་བཞུགས་སྐུ་ཤིན་ཏུ་མ་བདེ་བའི་ཚུལ་གླེང་བ་ལ། ཁྱོད་ཀྱིས་མཐོང་སྣང་བྱུང་ཚུལ་དེ་བཞིན་སྨྲས་ན་ཆད་པ་ཡང་ཡོང་བས་སུ་ལ་ཡང་མ་ཟེར་ཅིག་ཅེས་གདམས་སོ་ཞེས་ཀྱང་ཐོས་ལ། དེ་ལྟ་བུ་ནི་སྔོན་སློབ་དཔོན་བསོད་ནམས་རྩེ་མོ་དག་པ་མཁའ་སྤྱོད་དུ་གཤེགས་པ་ས་སྐྱའི་རྒན་མོ་ལས་དག་པ་ཞིག་གིས་མངོན་སུམ་དུ་མཐོང་བ་དང་ཚུལ་མཚུངས་པའི་གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་རྣམ་པར་ཐར་པ་ཡིན་ནོ། །དེ་ནས་ས་ག་ཟླ་བའི་ཚེས་བཅུ་བདུན་ལ་བབས་པའི་ཚེ། དེའི་མཚན་ཧྲིལ་པོ་གསུང་ཤུགས་ཆེན་པོ་དང་བཅས་ནས་ཐུགས་དམ་ཟབ་མོ་འབའ་ཞིག་ལ་བཞུགས་ནས། ཐོ་རངས་ཀྱི་ཆ་ཟིན་པ་ན་ལམ་ཟབ་མོ་བླ་མའི་རྣལ་འབྱོར་སྨིན་རྒྱས་སུ་མཛད་ཅིང་། རྟེན་མཆོད་རྣམས་ལ་སྤྱན་ཡང་ཡང་དུ་གཟིགས་པའི་ངང་ནས་ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱའི་དོན་རྣམས་རེ་ཞིག་མཐར་ཕྱིན་ནས། སྐྱེ་བོ་རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བའི་ཕྱིར་དང་། ཞིང་གཞན་དུ་གདུལ་བྱ་སྨིན་གྲོལ་ལ་འགོད་པའི་ཕྱིར་རྒྱུད་སྡེ་ནས་གསུངས་པའི་འདའ་ཁ་མ་ཟབ་མོ་ལ་མཉམ་པར་བཞག་སྟེ་བདེ་བར་གཤེགས་པའི་ཚུལ་བསྟན་ཏོ། །དེ་ནས་ཚེས་བཅོ་བརྒྱད་ཀྱི་ཉིན་མཚན་གྱི་བར་ལ་འོད་གསལ་མ་བུ་རོ་གཅིག་ཏུ་འདྲེས་པའི་ཟུང་འཇུག་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག་ནས། བཅུ་དགུའི་ཐོ་རངས་ཀྱི་ཚེ་དེ་ཉིད་ལས་བཞེངས་ཏེ། སྐུ་འཁོར་བ་ཀུན་གྱིས་གསན་པའི་ཐག་སྒྲ་དང་བཅས་དབུ་གཙུག་མངོན་གྱུར་དུ་