R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༨ན
[A:༣༠༨ན]འཆང་ཉིད་དང་མཇལ་བར་འདུག་གོ །ཡང་ཚེས་བཅུ་བདུན་གྱི་སྔ་དྲོ་སྐུ་འཁོར་རྣམས་ལ་གཟིགས་ནས་བཞད་མོ་མཛད་ཅིང་། ཉིད་ཀྱི་གསུང་ལས། དགོད་བྲོ་བ་ལ་ད་ནང་ཐོ་རངས་རྒྱ་གར་ནས་ཐོར་བཤད་བྱས་འོང་བ་ཡིན་ཟེར་བའི་ཁྱེའུ་ཤིན་ཏུ་ཡིད་དུ་ཡོང་བ་གོས་དཀར་པོ་གྱོན་པ། ལག་ན་འབེ་ཏའི་བུམ་པ་ཐོགས་པ་ཞིག་བྱུང་ནས་ཁྱེད་སྤྱན་འདྲེན་ལ་ཡོང་བ་ཡིན་ཟེར་བ་སོགས་དེ་དང་ལབ་མང་དུ་བྱས་པ་རྨིས་ཞེས་གསུང་བ་སོགས་ཇི་སྲིད་བསྙུང་བའི་བར་ཐམས་ཅད་དུ་དག་པའི་གཟིགས་སྣང་འབའ་ཞིག་གིས་དུས་འདའ་བའི་ངང་ནས། རྒྱུན་གྱི་ཐུགས་དམ་སོགས་ལ་ཡང་རྟག་འགྲུས་སུ་མཛད་ཅིང་། དེ་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་ཉེ་བའི་ཚེ། གཞན་ལས་ཆེས་ངོ་མཚར་རྨད་དུ་བྱུང་བའི་རྟགས་མཚན་འདི་བཞིན་ཡང་སྟོན་པར་མཛད་པ་ཡིན་ཏེ། དེ་ཡང་ཚེས་བཅུ་དྲུག་ཙམ་གྱི་ཆ་ཞིག་ལ་གདན་ས་ན་ཡོད་པའི་བུད་མེད་ཕུན་ཚོགས་ཟེར་བ་ཞིག་ལ་བུ་མོ་ཆུང་དུ་སྨྲ་ཤེས་ཙམ་ཞིག་ཡོད་པ་དེ་བླ་བྲང་གཞི་ཐོག་གི་ལྟག་སྒོ་ན་རྩེ་ཞིང་ཡོད་པའི་མངོན་སུམ་གྱི་མཐོང་སྣང་ལ། ལྷག་སྒོའི་རྡོ་ཀྲས་ཀྱི་མགོར་བུད་མེད་རྒྱན་གོས་ཟབ་ཅིང་དབུ་རྒྱན་དར་དཔྱངས་དང་བཅས་པ་མང་པོ་ཞིག་གིས་ཌ་མ་རུ་དང་དྲིལ་བུའི་སྒྲ་དྲག་ཏུ་བཅམ་བྱུང་བས། དེ་ནས་དར་ཙམ་ཞིག་ནས་སྔགས་འཆང་བླ་མ་གྲགས་པའི་མཚན་ཅན་ཉིད་སྐུ་གཟི་འོད་འབར་བཞིན་པ་དང་བཅས་གཞི་ཐོག་བླ་བྲང་གི་ལྟག་སྒོ་བརྒྱུད་ནས་ཕེབས་བྱུང་སྟེ། བུ་མོ་དེ་རང་ལ་བྱིན་རླབས་གནང་བྱུང་བའི་མོད་ལ་སྔར་གྱི་བུད་མེད་རྣམས་ཀྱིས་བསུས་ཏེ། ཌ་མ་རུ་དང་དྲིལ་བུའི་སྒྲ་ཆེན་པོ་དང་བཅས་རིམ་བཞིན་ས་དཀར་ལོགས་ཀྱི་