R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༧བ
[A:༣༠༧བ]ན་གདུགས་ལ་བཞུགས་པའི་ཚེ། ཉིན་རེ་བཞིན་ཉི་མའི་གུང་ཙམ་ལ་བབས་པ་ན། མགོ་སིལ་སྙན་གྱི་སྒྲ་འདྲ་བ་ལ་གསུང་ཐག་ཤིན་ཏུ་རིང་བའི་སྒྲ་ཡ་མཚན་ཅན་ཞིག་ཐོག་མར་བླ་བྲང་ཤར་ཙམ་གྱི་ཐད་ཀྱི་ནམ་མཁའ་ནས་བྱུང་ནས་རིམ་གྱིས་ལྷོ་ཕྱོགས་སུ་སོང་སྟེ། མཐར་བསམ་གླིང་དགོན་པའི་ཐད་ཙམ་དུ་ཡལ་འགྲོ་བ་རྒྱུན་ཆགས་སུ་བྱུང་བས་སྐུ་འཁོར་ཐམས་ཅད་ཡ་མཚན་དུ་གྱུར་ཅིང་། ལྷག་པར་ཚེས་བཅུ་བཞིའི་སྔ་དྲོ་རྗེ་ཉིད་སྔགས་འཆང་ཆེན་པོའི་སྐུ་བསྟོད་ཤེས་བྱ་ཀུན་ལ་མ་གདངས་དང་བཅས་པ་ཞིག་གསུང་ཤུགས་ཆེན་པོས་མཛད་ཀྱིན་འདུག་པ་ལ། ཞབས་འབྲིང་པ་རྣམས་ཀྱིས་རྒྱུ་མཚན་ཞུས་པས། གསུང་ལས་ད་ནང་ཐོ་རངས་རྨི་ལམ་དུ་སྔགས་འཆང་བདེ་བར་གཤེགས་པ་དེ་ཉིད་སྔར་ལས་ཀྱང་སྐུ་གཟི་མདངས་ཆེ་བ་ཞིག་བྱས་བྱོན་པ་དང་གསལ་བར་མཇལ་ནས་ཕྱག་བཙལ་བྱིན་རླབས་ཞུས་ཏེ་ནད་འདི་ལས་གྲོལ་ནས། ཤར་ཕྱོགས་སུ་བདེ་ཕྱམ་ཕྱམ་ཕྱིན་པའི་སྣང་བ་ཞིག་བྱུང་བས་རྨི་ལམ་དེ་དྲན་ནས་བླ་མ་ལ་གསོལ་བ་བཏབ་པ་ཡིན་གསུངས། འདི་ནི་གསལ་བར་གསུང་མ་བྱོན་པ་ཙམ་མ་གཏོགས། དོན་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་དངོས་སུ་མཇལ་བ་ལ་ཐེ་ཚོམ་མི་དགོས་ཤིང་། ཡང་ལན་ཅིག་གསུང་ལས། ད་ནང་ཐོ་རངས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཆིབས་པ་ཞིག་མཛད། ངེད་རང་ཆིབས་གདོང་ལ་བྱས་ནས་བླ་བྲང་ཟམ་པའི་སྟེང་ནས་འབྱོན་གྱིན་འདུག་པ་ལ། སྔགས་འཆང་ཆེན་པོའི་གསུང་གིས་ད་ངེད་ཀྱིས་མ་ཡོང་བ་རྒྱུན་རིང་སོང་བས་རྒྱན་གྱི་ལམ་རྒྱུས་ལེགས་པོ་གྱིས་ཤིག་ཅེས་གསུང་བའི་སྣང་བ་ཞིག་བྱུང་བ་ཡ་མཚན་ཆེ་ཅི་ཡིན་ནམ་གསུངས། དེ་དུས་ཀྱང་སྔགས་