[A:༣༠༧ན]ཕྲ་མོ་ལྷང་ལྷང་བ་ཞིག་གིས་ཁྱོད་ལ་མཁའ་འགྲོའི་བསུ་མ་ཡོད་དོ་ཞེས་ཡང་ཡང་ཟེར་བ་ཞིག་བྱུང་གསུང་བ་ལ། སྐུ་འཁོར་བ་རྣམས་ཀྱིས་དེས་ན་སྐུ་རིམ་རྒྱ་ཆེན་པོ་མཛད་པ་དང་། ཞབས་པད་ཡུན་རིང་དུ་བརྟན་པའི་ཐུགས་འདུན་གནང་དགོས་ལགས་ཞུས་པ་ན། ཡང་གསུང་ལས། དུས་ལ་བབས་ན་གང་གིས་ཀྱང་མི་ཕན། ལྷག་པར་ནད་ཀྱིས་ཁྱེར་བའི་ལུས་འདི་བས། བསྟན་པ་ལ་བྱ་བ་ཐུབ་ངེས་ཀྱི་ལུས་ཤིག་དགའ་བ་འདུག་ཅེས་སོགས་མྱུར་དུ་གཞན་དོན་ལ་ཕེབས་པར་དགོངས་པའི་གསུང་མང་དུ་བྱོན་ཞིང་། དེ་ལྟར་ས་ག་ཟླ་བ་མ་ཤར་གྱི་བར་གྱི་སྐུ་བསྙེལ་བའི་དུས་ཐམས་ཅད་དུ་ནམ་མཁའ་གཡའ་དག་པ་ལ་ཉི་མའི་འོད་ཟེར་ཤིན་ཏུ་གསལ་ཞིང་། འཇའ་འོད་ཀྱི་རི་མོ་ངོ་མཚར་ཅན་གྱིས་ནམ་མཁའི་ཁྱོན་ཐམས་ཅད་གང་བ་དུས་འཁོར་ཡུག་ཏུ་བྱུང་ཞིང་། གཞན་ཡང་སྐབས་སྐབས་སུ་མེ་ཏོག་གི་ཆར་འབབ་པ་སོགས་སྐྱེ་བོ་རྣམས་ཀྱིས་མཐོང་བའི་ཚེ། ཀྱེ་མ་ཀྱི་ཧུད་སྔགས་འཆང་བླ་མ་འདིའི་སྐུ་བསྙེལ་ལུགས་དང་། ནམ་མཁའ་ལ་ངོ་མཚར་བའི་རྟགས་འདི་ལྟ་བུ་རྟག་པར་ཡོང་ལུགས་ཀྱིས་བྱང་ཕྱོགས་ཀྱི་རྒྱུད་འདི་མགོན་དང་བྲལ་བ་ཞིག་མྱུར་དུ་མཐོང་བར་འདུག་གོ་ཞེས་མི་བཟོད་པའི་སྨྲེ་སྔགས་དྲག་པོ་དུས་ཀུན་དུ་སྒྲོགས་པར་གྱུར་ཅིང་། དེ་ནས་ས་ག་ཟླ་བའི་ཚེས་བཞི་ལྔ་ཙམ་ནས་གཞན་ངོར་སླར་ཡང་སྐུ་དུབ་བར་སོང་བའི་ཚུལ་བསྟན་ཞིང་། གོང་གི་འཇའ་འོད་ལ་སོགས་པ་ངོ་མཚར་བའི་ལྟས་རྣམས་ཀྱང་ཇེ་གསལ་ཇེ་གསལ་དུ་གྱུར་ཅིང་། ཟླ་བ་དེའི་ཚེས་བཅུ་གཉིས་ནས་བཅུ་དྲུག་གི་བར་ལ་བདག་ཉིད་ཆེན་པོ་སྐུ་འཁོར་ཉུང་ཤས་དང་བཅས་གཞི་ཐོག་བླ་བྲང་གི་ཚོམས་དམར་