R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༦བ
[A:༣༠༦བ]ལམ་བྱུང་ཚུལ་རྣམས་ཞུས་ནས། དེང་སང་སྐུ་དོག་བཞིན་ནི་ཡོད་པ་མིན་ལགས་སམ་ཞུས་པས། ཧེ་ཧེ་བདེ་བ་ཅན་དུ་འགྲོ་ན་ཚང་འདུག་པ། གང་ལྟར་ད་ནང་ཐོ་རངས་ངེད་ཀྱི་རྨི་ལམ་ན་ཡང་ལུས་ལ་རས་གོས་ཤིག་མིན་པ་གཞན་གང་ཡང་མེད་པ་བྱས། བནྡེ་ཞིག་གི་ཁ་ལ་རྒྱ་གླིང་གཉིས་སྦྱར་ནས་འབུད་ཀྱིན་འདུག་པ་ལ་མི་གཉིས་ཀྱིས་བུས་པ་འདྲ་བའི་སྐད་ཚད་མ་ཡོང་གིན་འདུག་པ་དེ་དང་བསྡེབས་ནས་བདེ་མཆོག་ཆུ་མིག་རྫིང་ཁའི་རི་སུལ་ན་ཡར་འཛེགས་ཕྱིན་པའི་རྨི་ལམ་ཞིག་བྱུང་གསུངས་ཤིང་། དེ་དག་གི་རྗེས་ཙམ་བདག་ཅག་ངམ་རིང་རྒྱལ་པོའི་ཕོ་བྲང་ན་ཡོད་པའི་སྐབས་ཤིག ཐུགས་དམ་གསུང་ཤོག་གནང་བ་ཞིག་གི་ནང་ན་ཡང་། ངོས་ནི་ཉེར་དགུའི་ཟླ་བར་འདུག ས་སྐྱ་པའི་བསྟན་པ་ལ་གདན་སའི་འཛིན་སྐྱོང་འདི་ལས་གལ་ཆེ་བ་མི་འདུག་པ། སེམས་ཁུར་བསྐྱེད་པ་རང་གལ་ཆེ་ཞེས་གསུང་བ་འདུག་པ་དེ་དུས་ནི་རང་ཉིད་རྟག་འཛིན་ཆེས་པས་གོ་བ་མ་བྱུང་ཀྱང་། ཕྱིས་བསམས་པས་སྔགས་འཆང་བླ་མ་ཉིད་མྱུར་དུ་དག་པའི་ཞིང་དུ་ཕེབས་པའི་གསུང་དེ་དུས་ནས་སྩལ་བར་འདུག་གོ
།དེ་ནས་རྗེ་ཉིད་དགུང་ལོ་ལྔ་བཅུ་ང་ལྔར་ཕེབས་པའི་མེ་མོ་སྦྲུལ་གྱི་ལོའི་ཟླ་བ་དང་པོ་ཙམ་ནས་གཞན་སྣང་དུ་སྐུ་བསྙུང་བའི་ཚུལ་བསྟན་པ་ན། སྤྱི་སྒོས་ཐ་དད་ནས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཤིང་། འཚོ་བྱེད་མཁས་པ་རྣམས་ཀྱིས་ཀྱང་འཕྲོད་རྟེན་རིམ་པར་ཕུལ་ཀྱང་སྐུ་ལ་གདངས་ཁྱད་དུ་མངོན་པ་གཏན་ནས་མ་བྱུང་བས། ཐམས་ཅད་སེམས་ཡེད་ཡེད་པོར་གྱུར་པའི་ཚེ། ཉིད་ཀྱི་གསུང་ལས། ད་ལོ་ངེད་ལ་དོག་ཆ་ཆེན་པོ་ཡོད་ཉེན་འདུག ཁ་རྩང་ཟླ་བ་བཅུ་གཉིས་པའི་ཐོ་རངས་ཀྱི་ཆ་ཞིག་ལ་སྐད་