R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༦ན
[A:༣༠༦ན]མཛད་པའི་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཆེན་པོ་སྔགས་འཆང་བླ་མ་རྒྱལ་སྲས་སྦས་པའི་རྣལ་འབྱོར་མཚུངས་པ་མེད་པ་དེ་ཉིད་ཀྱིས་ཞིང་འདིར་བསྟན་པ་དང་སེམས་ཅན་གྱི་དོན་གྲངས་དང་ཚད་མེད་པ་ཞིག་མཛད་པ་རྣམས་ལ་ཐུགས་ཤིན་ཏུ་རངས་པར་གྱུར་ཅིང་། དུས་ངན་གྱི་སྐྱེ་བོ་ཁྲེལ་མེད་པ་དག་གི་སྤྱོད་ངན་སྣ་ཚོགས་གཟིགས་པས་ཐུགས་ཅུང་ཟད་གདུངས་པར་ཡང་གྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་དུ་གདུལ་བྱ་རྒྱ་ཆེ་བ་ལ་དགོངས་པའི་ཚེ། དེའི་སྔ་ལྟས་སུ་སའི་དཀྱིལ་འཁོར་འདི་ཡང་ཡང་ཡང་དུ་གཡོ་ཞིང་། ནམ་མཁའ་ནས་ལྷ་རྣམས་ཀྱིས་རོལ་མོའི་སྒྲ་དབྱངས་ལན་མང་དུ་སྒྲོགས་པ་དང་། གཞན་ཡང་དུས་མཐའི་རླུང་ཆེན་ལངས་པ་ལྟ་བུའི་ཡིད་དུ་མི་འོང་བའི་རླུང་དམར་ཆེན་པོས་ལུང་པ་ཐམས་ཅད་ཁྱབ་སྟེ། ཉི་མའི་འོད་ཟེར་ཀྱང་མོག་མོག་པོར་བྱེད་པ་ཟླ་བ་དུ་མའི་བར་དུ་བྱུང་ཞིང་། དེ་ལྟ་བུའི་སྐབས་ཤིག་ན་དངོས་ཅག་གཞི་ཐོག་བླ་བྲང་གི་མཁའ་སྤྱོད་ན་བསྡད་པའི་སྐབས་ཐོ་རངས་ཤིག་རྨི་ལམ་དུ། སྔགས་འཆང་བླ་མ་ཉིད་སྐུ་ཤམ་སྐྱ་འཇོལ་ལེ་བ་དང་བཅས་རྟབ་པའི་ཚུལ་གྱིས་བྱོན་བྱུང་ནས། ངེད་ནི་བདེ་བ་ཅན་ལ་འགྲོ་ཁྱེད་རང་ཨེ་འགྲོ་གསུང་བྱུང་བ་ལ། འདི་བཞིན་གྱི་རིགས་སྔོན་གྱི་བླ་མ་གོང་མ་འགའ་ཞིག་ལ་ཡང་བྱུང་འདུག་པ་ལ་ལེགས་རྒྱུ་མ་བྱུང་འདུག་པའི་ཚུལ་དྲན་ནས། བདག་ནི་མི་འགྲོ་ལགས་ཞུས་པ་སྙམ་བྱེད་པ་དང་གཉིད་སད་བྱུང་བས་ཡིད་ཀྱང་མ་བདེ་ཞིང་། དེ་དུས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་འཁོར་ལོ་བདེ་མཆོག་གི་གསུང་བསྙེན་ཁ་གསོ་ལ་བཞུགས་པའི་དུས་ཡིན་པས། ཉིན་མོ་གསོལ་བ་ཚོགས་འཁོར་གྱི་སྐབས་སུ་རང་ལ་རྨི་