R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༥བ
[A:༣༠༥བ]སྐྱ་པའི། །བསྟན་པ་དྲི་མེད་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྒྱས་ནས་འཇིག་རྟེན་ཁམས་འདི་རུ། །བདེ་སྐྱིད་མ་ལུས་འབྱུང་བའི་རྒྱུར་གྱུར་ཅིག །ཅེས་པས་བསྟན། ད་ནི་དེ་ལྟ་བུའི་ཡིད་ལ་རེ་བའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ་ཡང་། མཚན་ཉིད་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་གྱི་བྱིན་རླབས་རང་གི་ཤེས་རྒྱུད་ལ་ཞུགས་པ་ལ་རག་ལས་པའི་ཕྱིར། དེ་ཉིད་འདོད་གསོལ་གྱི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ནི། སེམས་དཔའ་ཆེན་པོ་བླ་མའི་ཐུགས་རྗེ་དང་། །སྙིང་ནས་དད་པས་གསོལ་བ་བཏབ་པའི་མཐུས། །འདྲེན་མཆོག་སློབ་བུའི་ཐ་ཆུང་བདག་རྒྱུད་ལ། །ཆོས་ཀྱི་རྒྱལ་པོའི་བྱིན་རླབས་འཇུག་གྱུར་ཅིག །ཅེས་སོ། །ད་ནི་གསོལ་འདེབས་ཀྱི་སྦྱར་བྱང་བསྟན་པ་ལ། གང་གིས་བརྩམས་པའི་གང་ཟག་ནི། །ཚུལ་འདི་སྔགས་འཆང་རྗེ་ཉིད་ཀྱི། །རིགས་དང་ཆོས་ཀྱི་བུར་གྱུར་པ། །ཟས་གཙང་སྲས་ཀྱི་བསྟན་པ་ཡི། །སྒོར་ཞུགས་སྐྱེས་སྟོབས་བློ་གྲོས་ཅན། །ངག་དབང་ཀུན་དགའ་བསོད་ནམས་ཀྱིས། །ཞེས་པས་བསྟན་ལ། གང་དུ་བརྩམས་པའི་གནས་ནི། གོང་མས་བྱིན་རླབས་ས་སྐྱ་ཡི། །གཞི་ཐོག་བླ་བྲང་མཁའ་སྤྱོད་དུ། །སྙིང་ནས་དད་པ་ཐོབ་སྟེ་སྦྱར། །བླ་མ་སོ་སྐྱེར་འཛིན་པ་ཡི། །ཆལ་ཆོལ་སྨྲ་དང་འདི་མི་མཚུངས། །ཞེས་པས་བསྟན། དེ་ལྟར་བརྩམས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ནི། འདི་ལས་བསོད་ནམས་གང་ཐོབ་དེས། །འགྲོ་ཀུན་ཐར་པའི་བདེ་ཐོབ་ཕྱིར། །བདག་ཅག་ཚེ་འདིའམ་འཆི་ཁ་འམ། །བར་དོར་འབྲས་བུ་སྨིན་གྱུར་ཅིག །ཅེས་པས་བསྟན། དེ་ལྟ་བུའི་ཁོ་བོ་ཅག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་