R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༥ན
[A:༣༠༥ན]ཀྱི་ངོ་མཚར་བའི་རྣམ་པར་ཐར་པ་བསམ་པ་དང་བརྗོད་པའི་ཡུལ་ལས་འདས་པ་རྣམས་དོན་བསྡུས་པའི་ཚུལ་གྱིས་འདི་སྐད་ཅེས་བསྟོད་དེ། མདོར་ན་སྔགས་འཆང་རྡོ་རྗེ་འཛིན་ཉིད་ཀྱི། །ངོ་མཚར་རྣམ་ཐར་བརྗོད་ཀྱིས་མི་ལང་ཞིང་། །བདག་འདྲའི་བྱིས་པའི་བློ་ཡིས་རྟོགས་དཀའ་བས། །ཡོན་ཏན་རྒྱ་མཚོའི་མངའ་བདག་ཁྱོད་ལ་འདུད། །ཅེས་སོ། །དེ་དག་གིས་ནི་བསྟོད་པ་དངོས་ཀྱི་དོན་རགས་རིམ་བརྗོད་ཟིན་ནས། ད་ནི་རྗེ་བཙུན་སྔགས་འཆང་བླ་མ་སེམས་དཔའ་ཆེན་པོ་ཉིད་ཀྱི་རྣམ་ཐར་བརྗོད་པ་པོ་གང་གིས་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱ་བའི་ཕྱིར། དུས་གསུམ་གྱི་སྡིག་པ་བཤགས་པ་དང་། ཡང་དག་པའི་སྨོན་ལམ་བཏབ་པ་གཉིས་ལས། དང་པོ་ནི། བླ་མའི་མཛད་པ་སྐྱོན་གྱིས་མ་གོས་ཀྱང་། །བདག་ཅག་ལས་ངན་བག་ཆགས་རབ་འཐུག་པས། །དུས་གསུམ་ལོག་ལྟ་བྱང་ཆུབ་བསྒྲུབ་པའི་གེགས། །སྙིང་ནས་འགྱོད་པ་ཆེན་པོས་མཐོལ་ལོ་བཤགས། །ཞེས་པས་བསྟན་ལ། གཉིས་པ་སྨོན་ལམ་ལ་རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པའི་སྨོན་ལམ་བཏབ་པ་གཉིས་ལས། དང་པོ་ནི། བདག་ཀྱང་སྐྱོན་བྲལ་སུམ་ལྡན་ལ་གནས་ཤིང་། །ཐོས་བསམ་སྒོམ་པས་རང་གི་རྒྱུད་སྦྱངས་ནས། །འཆད་རྩོད་རྩོམ་ལ་གཡེང་བའི་བདུད་སྤངས་པས། །ཞེས་པས་བསྟན། གཉིས་པ་བསྟན་པ་རྒྱས་པའི་སྨོན་ལམ་ལ། སྤྱི་དང་བྲེ་བྲག་གཉིས་ལས། དང་པོ་ནི། སྤྱིར་གྱི་བསྟན་པ་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་པས་བསྟན། གཉིས་པ་བྱེ་བྲག་བསྟན་པ་རྒྱས་པའི་སྨོན་ལམ་ནི། ཁྱད་པར་འཁྲུལ་མེད་རྗེ་བཙུན་ས་