R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༤བ
[A:༣༠༤བ]རྐང་ལག་གི་རྗེས་ཙམ་བྱུང་བ་ལ་མཚར་དུ་འཛིན་པ་ནི་མ་བརྟགས་པ་ཆེན་པོ་སྟེ། དེ་ལྟ་བུ་ནི་རྫས་ཀྱི་ནུས་པ་སོགས་ལ་བརྟེན་ནས་འབྱུང་བར་ཡང་ཡོངས་སུ་གྲགས་པའི་ཕྱིར་རོ། །དེ་ལྟ་བུའི་འགྲན་ཟླ་དང་བྲལ་བའི་ཡོངས་འཛིན་དམ་པ་འདི་ཉིད་ལ་བདུད་ཀྱི་གནས་མལ་སྙིང་ལ་བཅས་པའི་གང་ཟག་འགའ་ཞིག་གིས་ལོག་སྒྲུབ་བརྩམས་པ་དེའི་ཚེ། ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམས་ཀྱིས་མངོན་སུམ་དུ་ཚར་བཅད་པའི་ཚུལ་ནི། དེ་ཡང་སྐབས་ཤིག་གི་ཚེ་བསྟན་པ་དང་རྣལ་འབྱོར་པ་ལ་དོ་བདོ་བའི་གསང་བའི་དགྲ་བོ་སྟོབས་ལྡན་ཞིག་གིས་ལོག་སྒྲུབ་ཚན་ཆེན་པོ་བསྒྲུབ་པར་ཉེ་བ་ན། བདག་ཉིད་ཆེན་པོས་ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ་དྲག་ཏུ་མཛད་པའི་ཚེ། རྗེ་ཉིད་ཀྱི་གཟིམས་ཆུང་གི་གཏོར་ཁང་གི་མདུན་གྱི་སྤྱན་གཟིགས་ཀྱི་རྒྱ་རལ་འཁྱོག་པོ་ཞིག་ལས་ཁྲག་རློན་པ་མངོན་སུམ་དུ་འཛག་པ་བྱུང་བ་དང་བསྟུན། ཉིད་ཀྱི་མཚན་ལམ་དུ་བནྡེ་ཞག་གིས་རྒྱུ་མ་གློ་སྙིང་སོགས་ནང་གཡོས་ཚན་ཅིག་ཁུར་བྱུང་བ་བཞེས་པས། ནང་པར་ཡང་སྐུ་ཁམས་ལོག་པའི་རྣམ་པ་བྱུང་བ་ཆོས་སྐྱོང་གིས་ཤ་སྐལ་བྱིན་པར་འདུག་གསུངས་ཤིང་། དེ་དག་དང་དུས་མཚུངས་པར་མིག་མཐོང་མཁན་ཞིག་གི་རྨི་ལམ་དུ། བསྟན་དགྲ་དམིགས་ཡུལ་གྱི་མི་དེ་ཉིད་ཀྱི་ཕུང་པོ་ཁྱོགས་ལ་བཏེག་ནས་མགོན་པོའི་ལམ་མཁན་རྣམས་ཀྱིས་ཁྱེར་བྱུང་བ་རྨིས་པ་ན། དེ་ནས་ཞག་འགའ་མ་ལོན་པར་སྟོབས་ལྡན་གྱི་བསྟན་དགྲ་དེ་ཉིད་ཚེའི་དུས་བྱས་ནས་ལོག་སྒྲུབ་མཐའ་དག་རང་ཞིར་གྱུར་པ་ཡིན་ནོ། །གཞན་ཡང་འདི་འདྲ་བའི་རིགས་ཅན་འགའ་ཞིག་ཡོད་མོད་ཀྱང་བརྗོད་པའི་སྐབས་མ་ཡིན་པའི་ཕྱིར་རེ་ཞིག་བཞག་གོ །དེ་ལྟ་བུའི་སྐྱེས་བུ་ཆེན་པོ་དེ་ཉིད་