R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༣བ
[A:༣༠༣བ]བྲེ་འགྱེད་ཚན་ཆེ་བ་དང་། གཞན་ཡང་ཇ་གོས་དར་སོགས་ཀྱི་གྲལ་འགྱེད་བློས་མི་འཁྱུད་པ་ལྟ་བུ་སྒྲུབ་པར་མཛད་ཅིང་། དེ་དག་དང་དུས་མཉམ་དུ་གདན་ས་ཆེན་པོའི་གཙུག་ལག་ཁང་ཐམས་ཅད་དུ་སྙན་དར། ཞལ་ཟས་མར་མེའི་ཕྲེང་བ་ཚར་དུ་དངར་བ་སོགས་མཆོད་པའི་བྱེ་བྲག་དུ་མ་འབུལ་བ་དང་། གོང་བཞུགས་བླ་མ་སློབ་དཔོན་སོགས་ལ་བསྔོ་རྟེན་འབུལ་ཚན་གྲངས་ཀྱིས་མི་ལང་བ་ལྟ་བུ་སོགས་མདོར་ན་འཛམ་བུ་གླིང་གི་ཟང་ཟིང་གི་དངོས་པོ་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་ནས་མཆོད་པ་དང་སྦྱིན་པར་གཏོང་བ་ལྟ་བུའི་རྣམ་དཀར་གྱི་མཛད་པ་རླབས་པོ་ཆེ་དེ་འདྲ་བ་ལན་གསུམ་གྱི་བར་དུ་སྒྲུབ་པར་མཛད་པའི་སྒོ་ནས་ཀྱང་འགྲོ་བ་རྣམས་དབུལ་ཕོངས་ཀྱི་སྡུག་བསྔལ་ལས་བསྐྱབ་ཅིང་རང་ཉིད་ཀྱི་ཐུགས་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེར་སྤེལ་བ་དང་། རྗེས་འཇུག་རྣམས་ཀྱང་ལོངས་སྤྱོད་དོན་ཡོད་པ་སོགས་ཡང་དག་པའི་བྱ་བ་ལ་འཇུག་པའི་རྣམ་དཀར་གྱི་དགེ་བའི་ཤུལ་ལམ་ཆེན་པོ་བཏོད་པར་མཛད་པ་ཡིན་ནོ། །དེ་ལྟར་རྗེ་བཙུན་མཁྱེན་བརྩེའི་དབང་ཕྱུག་དེ་ཉིད་ཀྱིས་གདུལ་བྱ་དུས་ལ་བབས་པར་གཟིགས་ནས་གྲུབ་པ་བརྙེས་པའི་རྟགས་མཚན་ངོ་མཚར་ཅན་བསྟན་པའི་ཚུལ་འདི་ལྟར་ཡང་ཐོས་ཏེ། གོང་གི་རྣམ་ཐར་བསྟོད་པའི་ཚིགས་བཅད་ཀྱི་འཕྲོས་ལས། གཞན་ཡང་ཕྱོགས་མཐར་འགྲོ་བའི་དོན་མཛད་ཚེ། །གྲང་བའི་ངད་དང་ལྡན་པའི་རི་བོ་ལ། །དྲུང་ན་གནས་པའི་འཁོར་ཚོགས་བསྐྱབ་པའི་ཕྱིར། །འཁོར་ཡུག་དྲོད་ཀྱིས་ཁྱབ་པར་མཛད་ལ་འདུད། །ཅེས་བྱ་སྟེ། དེ་ཡང་དུས་ཕྱིས་ཆེན་པོ་འགའ་ཞིག་གི་སྲོག་བསྐྱབ་པའི་སླད་དུ་རྗེ་ཉིད་ཀྱིས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ཆིབས་ཀྱི་ཁ་ལོ་སྒྱུར་