R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༣ན
[A:༣༠༣ན]ཆེན་པོའི་ཕྱག་གི་ཐོད་པའི་ནང་ནས་དམ་རྫས་བརྒྱ་རྡོ་རློན་པ་བདུད་རྩིའི་རྒྱུན་འཛག་བཞིན་པ་ཞིག་ཕྱག་ཏུ་བབས་བྱུང་བ་ན། ཐེ་ཚོམ་མེད་པ་རྗེ་ཉིད་དགུང་ལོ་ཉེར་ལྔ་བཞེས་པའི་དུས་དམ་རྫས་ཀྱི་སྒྲུབ་པ་ཐོག་མ་མཛད་པ་ན། ནམ་མཁའ་ཤིན་ཏུ་འཇམ་པ་ལ་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་ཁང་འཁྲིགས་པ། དྲི་བཟང་གིས་ས་སྐྱའི་ལུང་པ་ཁྱབ་པ་སོགས་ཕྱི་རོལ་དུ་ངོ་མཚར་བའི་རྟགས་དུ་མ་བྱུང་ཞིང་། ནང་དུ་ཡང་དམ་རྫས་འཕེལ་སྟོབས་ཆེ་བ་སོགས་གེགས་མེད་དུ་མཐར་ཕྱིན་པ་ཡིན་ནོ་ཞེས་ཐོས་ལ། དེ་ནས་བཟུང་སྟེ་རང་ཉིད་དགུང་ལོ་ང་གསུམ་བཞེས་པ་ཡན་ཆད་དུ་ལོ་གཅིག་གཉིས་ཙམ་མ་གཏོགས་རྣལ་འབྱོར་དབང་ཕྱུག་གྲུབ་པ་བརྙེས་པའི་དུས་ཆེན་ས་ག་ཟླ་བ་བྱུང་རེ་བཞིན་གྱི་དམ་རྫས་འཆི་མེད་རིལ་བུའི་སྒྲུབ་པ་རྒྱུན་མི་ཆད་པར་མཛད་པས་འདི་ཉིད་ཀྱིས་འཕྲིན་ལས་ཀྱི་སྒོ་ནས་བསྟན་པ་དང་སེམས་ཅན་གྱི་དོན་བསྒྲུབ་པ་ལ་བདག་ཉིད་ཆེན་པོ་འདི་ལས་ངོ་མཚར་ཆེ་བ་སྔོན་ཆད་གངས་ཅན་གྱི་ཁྲོད་འདིར་བསྟན་འཛིན་གྱི་སྐྱེས་བུ་གཞན་སུ་ཡང་མ་བྱུང་བ་ཡིན་ལ། ཟང་ཟིང་གི་སྦྱིན་གཏོང་རླབས་པོ་ཆེའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་ཡང་རྗེ་བཙུན་ས་སྐྱ་པའི་གདུང་རབས་དྲི་མ་མེད་པ་སྔོན་གྱི་དུས་སུ་བྱོན་པའི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་། དཔལ་ལྡན་བླ་མ་དམ་པ་སོགས་ཀྱི་རྣམ་ཐར་དང་མཐུན་པར་རང་ཉིད་ཀྱི་ཡབ་ཡུམ་སོགས་ཀྱི་དགོངས་རྫོགས་རྒྱ་ཆེན་པོ་སྒྲུབ་པར་མཛད་པ་དང་། ཁྱད་པར་དགའ་སྟོན་དུ་མིང་བཏགས་པའི་དགེ་འདུན་དང་སྐྱེ་བོའི་ཚོགས་ཁྲི་ཕྲག་ཏུ་ལོངས་པ་ལ་མང་ཇ། གདན་ནོན། འབྲུའི་ཕུང་པོ་རི་བོ་ལྟར་སྤུངས་པའི་