R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༢བ
[A:༣༠༢བ]པར་རྫོགས་སུ་ཟིན་ཀྱང་། ཕྱི་རོལ་དུ་སྦས་པའི་རྣལ་འབྱོར་གྱི་ཚུལ་དུ་ཁོ་བོ་ནི་ཡོན་ཏན་ཐམས་ཅད་དང་བྲལ་བའི་ཟ་ཉལ་འཆག་གི་རྣལ་འབྱོར་པ་ཡིན་ནོ་ཞེས་ཁེངས་བསྐྱུང་བའི་ཚིག་ཁོ་ན་རྒྱུན་ལྡན་དུ་གསུངས་ཤིང་། རྟག་ཏུ་རང་ཉིད་དམན་ཆ་བཟུང་ནས། གཞན་རྣམས་མཆོག་ཏུ་གཟིགས་པའི་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་དང་མཐུན་པའི་མཛད་པ་ཁོ་ན་ཕྱག་བཞེས་སུ་བསྟར་བ་ནི་བདག་ཉིད་ཆེན་པོ་འདིའི་ཐུན་མོང་མ་ཡིན་པའི་ངོ་མཚར་བའི་རྣམ་པར་ཐར་པ་ཡིན་ལ། དེས་ན་དེང་སང་གི་སྐབས་འདིར་དགས་པོ་བཀའ་བརྒྱུད་པའི་བསྟན་འཛིན་དུ་རློམ་པ་འགའ་ཞིག་སོགས་ལུགས་གཉིས་དང་འགལ་བའི་གང་དྲན་ཐོ་ཆོའི་སྤྱོད་པ་འབའ་ཞིག་དུས་རྒྱུན་དུ་བྱེད་པ་ལ་རང་ཉིད་ཀྱང་གྲོལ་བར་རློམ་ཞིང་། ཅོལ་ཆུང་རྣམས་ཀྱང་གྲུབ་ཐོབ་ཏུ་འཛིན་པའི་བསྟན་པ་དང་སེམས་ཅན་ལ་ཕན་པའི་གནས་སྐབས་དུས་ནམ་ཡང་ཅུང་ཟད་ཀྱང་མེད་པའི་མི་ཚེ་སྟོང་ཟད་མཁན་རྣམས་ཀྱི་སྣང་ཚུལ་མཐོང་བའི་ཚེ། བདག་གི་བླ་མ་སེམས་དཔའ་ཆེན་པོ་གྲགས་པའི་མཚན་ཅན་དེ་ཉིད་ཀྱི་རྨད་དུ་བྱུང་བའི་མཛད་བའི་ཆ་ཤས་རེ་རེ་ཙམ་ལ་བསམས་ན་ཡང་། སེམས་ཡོད་དག་དད་པའི་སྤུ་ལོང་ཆེས་ཆེར་གཡོ་བར་ངེས་ཏེ། ཉིད་ཀྱིས་ཅི་མཛད་ཐམས་ཅད་བསྟན་འགྲོའི་དོན་དུ་གྱུར་པ་ཁོ་ན་ལས་གཞན་དུ་ཅུང་ཟད་མི་སྣང་བའི་ཕྱིར་རོ། །དེ་ལྟ་བུའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་རྡོ་རྗེ་ཐེག་པའི་ཉམས་ལེན་བྱེད་པའི་གདུལ་བྱ་རྣམས་ལ་ཕན་པར་དགོངས་ནས། དམ་རྫས་འཆི་མེད་རིལ་བུའི་སྒྲུབ་པ་མཛད་པར་བཞེད་དེ། སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་དེ་ལྟར་མཛད་ན་ལེགས་ཉེས་ཀྱི་ལུང་བསྟན་ཞུ་བར་མཛད་པའི་ཚེ། བསེ་མགོན་