R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༢ན
[A:༣༠༢ན]པ་ལ་དར་ཙམ་ཅིག་ནས། བྱ་རོག་ཅིག་སྐད་སྙན་པོ་སྒྲོགས་བཞིན་པ་དང་བཅས་ད་ལྟ་མཆོད་རྟེན་ཡོད་པའི་གདོང་ནག་གི་རི་ཆུང་འདིའི་ཁར་བབས་ནས་བྲག་ལ་མཆུ་ཡང་ཡང་འཛུགས་ཤིང་སྐད་དུ་མ་སྒྲོག་གིན་འདུག་པ་ལ། བདག་ཉིད་ཆེན་པོའི་གསུང་གིས་བླ་མ་གོང་མ་རྣམས་ཀྱིས་ལོ་དགྲའི་ཁ་གནོན་དུ་འདེབས་པར་མཛད་པའི་རིགས་གསུམ་མཆོད་རྟེན་གྱི་ཐེས་རོ་དེ་བྱ་རོག་བབས་ས་ཡ་གི་ན་ཡོད་པར་འདུག་པས། རང་རེ་རྣམས་མྱུར་དུ་འགྲོ་བ་ཡིན་གསུངས་ནས་ཆག་ཕེབས་པའི་ཚེ། ཇི་ལྟར་བཀའ་སྩལ་པ་བཞིན་སྔར་གྱི་བྱ་རོག་བབས་པའི་ཤུལ་ན་མཆོད་རྟེན་གསུམ་གྱི་བུམ་ལྡིར་ཡན་ཞིག་པའི་བང་རིམ་དང་། སེང་ཁྲི་མན་གྱི་རྩིག་པ་ཤིན་ཏུ་གསལ་བ་འདུག་པ་མཐོང་བའི་ཚེ། ཞབས་འབྲིང་བ་ཀུན་ཧ་ལས་པར་གྱུར་ཅིང་། དེ་ནས་ས་ཡུལ་དེར་ད་ལྟའི་རིགས་གསུམ་མགོན་པོའི་མཆོད་རྟེན་འདི་ལེགས་པར་བཞེངས་ནས་ཕྱག་ནས་བཀྲ་ཤིས་མངའ་གསོལ་མཛད་པ་ནས་བཟུང་། ད་ལྟའི་བར་དུ་ཕྱོགས་དེ་ཉིད་ནས་སེར་བ་སོགས་ཀྱི་རྒྱུན་འབྱུང་བ་གཏན་མེད་དུ་གྱུར་པ་ནི། གདན་སར་གནས་པའི་སྐྱེ་བོ་ཀུན་གྱི་བློ་ཡུལ་དུ་གསལ་བ་འདི་ཡིན་ནོ། །དོན་གྱི་དབང་དེ་དག་གི་ཕྱིར་འདི་སྐད་ཅེས་བསྟོད་དེ། །དུས་གཅིག་དཔལ་ལྡན་ས་སྐྱའི་མདུན་རིའི་སྣེར། །ལོ་དགྲ་གཞོམ་ཕྱིར་རིགས་གསུམ་འདེབས་བཞེད་དེ། འདས་དུས་གོང་མའི་བཏབ་ཤུལ་བཙལ་བའི་ཚེ། །སྲུང་མའི་སྤྲུལ་པས་དངོས་སུ་བསྟན་ལ་འདུད། །ཅེས་སོ། །དེ་ལྟར་སྔགས་འཆང་བླ་མ་ལུང་དང་རྟོགས་པའི་མངའ་བདག་ཆེན་པོ་འདི་ཉིད་ནི། ནང་དུ་སྤངས་རྟོགས་ཀྱི་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་