R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༡བ
[A:༣༠༡བ]བ་རྣམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་སྩལ་བའི་ཚུལ་ནི། མཚོ་སྒོ་རྣམ་རྒྱལ་རྟག་རྩེ་ཕྱོགས་སུ་ལོ་དུ་མའི་བར་དུ་ལོ་ཉེས་བརྒྱུད་མར་བྱུང་ནས་འགྲོ་བ་རྣམས་མུ་གེས་ཉེན་པ་ན། རྗེ་ཉིད་ཀྱི་ཞབས་ཀྱིས་བཅགས་པ་ཙམ་གྱིས་དུས་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ལོ་ལེགས་སྐྱ་རྒྱལ་བའི་ངང་དུ་གྱུར་པ་དང་། དེ་དུས་མཚོ་སྒོ་ན་མཚོ་ཞིག་ཡོད་པ་ལ། རྗེ་ཉིད་ཀྱི་ཞབས་བསྐོར་མཛད་པས། བདག་ཉིད་ཆེན་པོ་གང་དུ་ཕེབས་པའི་ཕྱོགས་སུ་མཚོ་ལ་གནས་པའི་སྲོག་ཆགས་ཉ་སྦྲུལ་འཇོང་མོ་སོགས་བསུ་བའི་ཚུལ་གྱིས་མགོ་རྣམས་རོག་རོག་པོར་བསྒྲིགས་ནས་གུས་འདུད་བྱེད་པ་ཡང་བྱུང་ངོ་ཞེས་ཐོས་ཤིང་། གཞན་ཡང་གདོང་དགའ་གཞིས་ཆེན་ཕྱོགས་སུ་ཡང་སྐྱ་མུག་ཆེན་པོས་འགྲོ་བ་རྣམས་ཉམ་ཐག་པ་ན། བདག་ཉིད་ཆེན་པོས་ས་ཕྱོགས་དེར་བུམ་གཏེར་འཇུག་པ་དང་། ཕྱག་ནས་སོགས་མཛད་པའི་ལེགས་ལམ་ལ་བརྟེན་དུས་རྟག་ཏུ་ལོ་ཕྱུགས་ལེགས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་བ་སོགས་ཡོངས་སུ་གྲགས་ཤིང་། གདན་ས་འདིར་ཡང་བར་སྐབས་ཤིག་ཏུ་སྐྱེ་བོ་མི་སྲུན་པ་དག་གི་བསམ་སྦྱོར་ངན་པའི་འཁྲུལ་འཁོར་ལ་བརྟེན་ནས། ལོ་དགྲ་སད་སེར་བ་སོགས་དུས་རྒྱུན་དུ་བྱུང་བའི་ཚེ། སློབ་འབངས་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་བདག་ཉིད་ཆེན་པོས་བླ་མ་གོང་མ་རྣམས་ཀྱིས་ལོ་དགྲའི་གཉེན་པོར་བཞེངས་པར་མཛད་པའི་རིགས་གསུམ་མགོན་པོའི་མཆོད་རྟེན་ལ་ཉམས་གསོ་མཛད་པར་བཞེད་དེ། རྗེ་ཉིད་དཔོན་སློབ་རྣམས་ཀྱིས་རིམ་པས་ཆག་ཕེབས་ཏེ། རིགས་གསུམ་གྱི་མཆོད་རྟེན་རྙིང་པའི་ཞིག་རོའི་དམིགས་གང་ན་ཡོད་འཚོལ་བར་མཛད་པའི་ཚེ། སྐུ་འཁོར་རྣམས་ཀྱིས་ཡུན་རིང་དུ་མ་རྙེད་