R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༡ན
[A:༣༠༡ན]ཁྱི་ནག་སོགས་རོ་སྟོད་ཡན་ཆད་མེད་པ་མང་པོ་སྐུ་མདུན་དུ་ཕུང་ཕུང་བྱུང་བ་ན། དེའི་ནང་པར་གསུང་ལས། ངེད་ཀྱི་རྨི་ལམ་དེ་བྲིས་སྐུ་མྱུར་དུ་འདྲི་དགོས་པའི་རྟགས་སུ་འདུག་གསུངས་ནས་ཐུགས་རྩོལ་ཆེན་པོས་ཕྱག་བྲིས་ལེགས་པར་མཛད་ནས་རབ་གནས་དང་བསྐང་གསོ་རྒྱས་པར་མཛད་པའི་དུས་སུ་ཡང་ངོ་མཚར་བའི་རྟགས་དུ་མ་བྱུང་བ་ཡིན་ལ། གཞན་ཡང་ཞིང་སྐྱོང་དུར་ཁྲོད་བདག་པོ་དང་། དཔལ་ལྡན་དམག་ཟོར་རྒྱལ་མོས་ཀྱང་ཞལ་དངོས་སུ་བསྟན་པའི་ལོ་རྒྱུས་ཡོད་མོད་ཀྱང་ཡི་གེས་འཇིགས་ནས་མ་སྤྲོས་ལ། ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་སྲི་ཞུ་བགྱིས་པའི་ཚུལ་ནི། རྗེ་ཉིད་ལྷ་ཆེན་ཡང་རྩེར་ཐུགས་དམ་ལ་བཞུགས་དུས་སྔ་དྲོ་མནལ་སད་རན་པ་ན་ནམ་མཁའ་ནས་དྲིལ་བུ་སྐད་བཟང་པོ་ཞིག་དཀྲོལ་འོང་བ་དེའི་རྐྱེན་གྱིས་གཉིད་སད་འཕྲལ་ཐུན་ལ་འཇུག་པ་དུས་རྒྱུན་དུ་བྱས་གསུང་བ་དང་། ཡང་བདེ་མཆོག་ཆུ་མིག་རྫིང་ཁར་ཐུགས་གཉེར་མཛད་དུས་བཤར་སྦྱང་གི་སྐབས་འགར་ཅུང་ཟད་མནལ་བའི་ཚེ་ཆེ་ཆུང་ཕུག་རོན་ཙམ་པའི་བྱ་ཞིག་སྐུ་དཔུང་གི་སྟེང་དུ་བབས་ནས་མནལ་ཀྲོག་པ་དུས་རྒྱུན་ལྡན་དུ་བྱུང་གསུང་བ་འདི་དག་ནི་དཀར་ཕྱོགས་ཀྱི་ལྷ་གཞི་བདག་གཉུག་མར་གནས་པ་རྣམས་ཀྱིས་གོ་རེ་ལེན་གྱི་ཞབས་ཏོག་པའི་ཚུལ་གྱིས་ཕུ་དུད་དུ་བགྱིས་པར་སྣང་བས་ཤིན་ཏུ་ངོ་མཚར་བའི་གནས་སོ། །དེ་ལྟར་ངེས་པའི་དོན་དུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་གཞན་ངོར་གོས་དཀར་ལྕང་ལོས་མཛེས་པའི་སྔགས་འཆང་མཆོག་གི་སྐུར་བསྟན་པའི་སྐྱེས་བུ་ཆེན་པོ་འདི་ཉིད་ཀྱི་ཞབས་ཀྱིས་བཅགས་པ་ཙམ་གྱིས་ཀྱང་ས་གཞིའི་བཅུད་འཕེལ་བ་སོགས་ཀྱི་སྒོ་ནས་འགྲོ་