R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༠བ
[A:༣༠༠བ]ཡིན་ཟེར་བའི་རྟགས་སུ་འདུག་གསུངས་ཤིང་། ཡང་གསུང་ལས་ཁྱོད་ངེད་ཀྱི་ཡུམ་དེ་ཉིད་ཀྱི་སྐུ་སྐྱེ་ཡིན་པའི་ལུགས་ཡིན་པས། དེས་ན་མདང་ནུབ་ཁྱོད་ལ་ངེད་ཀྱིས་ཆོས་ཞུས་སོ་ཞེས་གསུང་བ་སོགས་ཉམས་ལྡན་གྱི་གསུང་མང་དུ་འབྱོན་གྱིན་འདུག་པ། འདི་ལྟ་བུ་ནི་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ། རྗེ་བཙུན་རྡོ་རྗེ་བདག་མེད་མས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ཚུལ་དང་ཁྱད་པར་ཅུང་ཟད་ཀྱང་མ་མཆིས་པས་གཞན་ལས་རྨད་དུ་བྱུང་བའི་རྣམ་པར་ཐར་པ་ཤེས་པར་བྱའོ། །ཡང་ཉིད་ཀྱི་རིགས་སྲས་སྔགས་འཆང་ངག་དབང་ཀུན་དགའ་དབང་རྒྱལ་གྱིས་གསོལ་བ་བཏབ་པའི་ངོར། པུ་ཏྲ་ཆེན་པོའི་སྐུ་རྐྱང་པ་བཞུགས་པའི་བྲིས་ཐང་ཁྱད་པར་ཅན་འདི་ཕྱག་བྲིས་མཛད་པའི་ཚེ་མནལ་ལམ་དུ། ཨ་ཙ་ར་ཕོ་མོ་གསུམ་བྱུང་བའི་གྲལ་མགོ་མ་དེ་ཤིན་ཏུ་དགའ་བའི་རྣམ་འགྱུར་སྟོན་པ་ལ། གཞན་གཉིས་པོ་དེ་ཅུང་ཟད་ཁྲོས་པའི་ཚུལ་གྱིས་འདུག་པས། དེའི་ནང་པར་རྗེ་ཉིད་ཀྱི་གསུང་ལས། ངེད་ལ་མདང་ནུབ་རྨི་ལམ་འདི་བཞིན་བྱུང་བ་བྲིས་ཐང་འདི་ལ་པུ་ཏྲ་མིང་སྲིང་གསུམ་ཀ་མ་བྲིས་པས་ལན་པར་འདུག་ཅེས་གསུངས་ཤིང་། འདི་ཡང་འཕྲལ་ལ་འཁུ་ལྡོག་ལྟར་སྣང་ཡང་། དོན་ལ་ཆོས་སྐྱོང་ཉིད་ཤིན་ཏུ་འགོ་ཞིང་འཆེས་པའི་ཐུན་མོང་མ་ཡིན་པའི་རྟགས་སུ་ཤེས་པར་བྱ་ཞིང་། གཞན་ཡང་དངོས་ཅག་རྣམས་ཀྱིས་གསོལ་བ་བཏབ་ནས་གུར་གྱི་མགོན་པོ་ལྷ་བརྒྱད་ཀྱི་བྲིས་ཐང་ཁྱད་པར་ཅན་རྣམས་ཕྱག་བྲིས་མཛད་པའི་དུས་སུ། བྲིས་སྐུ་རྣམས་ཀྱི་སྐུ་སྐེད་ཡན་ཙམ་གྲུབ་ནས་ཞག་འགའ་ཐུགས་བྲེལ་གྱི་དབང་གིས་འགྱངས་པའི་ཚེ། རྗེ་ཉིད་ཀྱི་མཚན་ལམ་དུ་བྱ་ནག་