R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣༠༠ན
[A:༣༠༠ན]བཞི་པ་རང་གིས་བཀུག་པར་འདུག་ཅིང་། འདི་ལ་རྗེས་འབྲང་ཞིག་ཡོད་འདུག་ཀྱང་ཆོས་སྐྱོང་རང་གིས་རིང་དུ་བསྐྲད་ནས། ད་ཆ་སྐྱོན་ཡོང་བ་མེད་པས་ཧོར་སིལ་འདིའི་མིང་ལ་ཡང་ཞིང་སྐྱོང་མར་ཐོགས་ཤིག་གསུངས་པ་བཞིན་ད་ལྟའི་བར་དུ་ཡོངས་སུ་གྲགས་པ་འདི་ཡིན་ལ། དེ་ལྟ་བུ་ནི་ཞིང་སྐྱོང་དབང་པོས་མཐུན་རྐྱེན་དངོས་སུ་བསྒྲུབས་པས་ངོ་མཚར་བའི་རྣམ་ཐར་དུ་ཤེས་པར་བྱ་ཞིང་། ཡང་ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་སྐུ་འགའ་ཞིག་ཕྱག་བྲིས་མཛད་པའི་ཚེ་ཡང་། སྐྱེད་ལྷས་ཀྱི་སྒྲུབ་སྡེའི་ཁྲོད་ན་རྗེ་ཉིད་བཞུགས་འདུག་པ་ལ། སྒྲུབ་ཁང་ཞིག་གི་ནང་ན་ཨ་ཙ་ར་གདོང་བ་དམར་ཉག་ཅན་འཇིགས་སུ་རུང་བ་དུ་མ་འདུག་པ་དང་། གཡག་རྒོད་ནག་པོས་ལུང་པ་གང་བ་སོགས་མནལ་ལམ་ཡ་མཚན་ཅན་མང་དུ་བྱུང་གསུང་བ་ཡང་ཆོས་སྐྱོང་ཉིད་ཤིན་ཏུ་འགོ་ཞིང་མཉེས་པའི་རྟགས་སུ་མངོན་ཞིང་། ཡང་བྱས་འགྱུར་རྗེ་བཙུན་གཅེན་གྱི་དྲུང་དུ་བདག་མེད་ལྷ་མོ་བཅོ་ལྔའི་དབང་བསྐུར་གསན་པའི་སྟ་གོན་གྱི་ནུབ་མོའི་མནལ་ལམ་དུ། རང་ཉིད་ཀྱི་ཡུམ་བཀྲ་ཤིས་དཔལ་གྱི་བུ་ཁྲིད་དེ་ཉིད་བཞུགས་ཁྲི་མཐོན་པོ་ཞིག་ལ་བཞུགས་པའི་ཞབས་དྲུང་ན་སྔགས་འཆང་བླ་མ་ཉིད་ལ་སོགས་པ་སློབ་འཁོར་མང་པོ་འདུས་འདུག་པ་ལ། རྒྱལ་ཡུམ་དམ་པས་ཆོས་ཀྱི་འཁོར་ལོ་ཡུན་རིང་དུ་བསྐོར་བའི་མཚན་ལམ་ངོ་མཚར་ཅན་བྱུང་བའི་ནང་བར་ཁོ་བོ་ཅག་གིས་ཞབས་དྲུང་དུ་ཕྱིན་མ་ཐག ཐུགས་དགེས་སྤྲོ་ཆེན་པོ་དང་བཅས་ངེད་ལ་མདང་ནུབ་རྨི་ལམ་ཡ་མཚན་ཅན་འདི་བཞིན་བྱུང་བ། སྔགས་འཆང་བདེ་བར་གཤེགས་པ་དེ་ཉིད་ཀྱེ་རྡོ་རྗེ་དང་། ངེད་རང་གི་ཡུམ་དེ་བདག་མེད་མ་དངོས་