R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༩བ
[A:༢༩༩བ]དངོས་སུ་བསྟན་པར་གདོན་མི་ཟ་ཞིང་། ཚེ་གཟུངས་བསྙེལ་བའི་ཚུལ་དེ་ཡང་། དེའི་ཚུལ་སྐྱེ་བོ་མང་པོ་ཞིག་གིས་རིག་ན་སྐུ་ཚེའི་བར་ཆད་དུ་གྱུར་དོགས་པ་ལ་དགོངས་པར་མངོན་ནོ། །དེ་དག་ལ་འདི་སྐད་ཅེས་བསྟོད་དེ། མགོན་ཁྱོད་རིམ་གཉིས་དོན་ལ་གཞོལ་བའི་ཚེ། །རྗེ་བཙུན་དཀར་པོ་རྣམ་གསུམ་ཚེ་དཔག་མེད། །ནག་པོ་ཆེན་པོ་འོད་གསལ་ངང་ནས་གཟིགས། །ལྷ་ཡིས་ཚེ་གཟུངས་གཏད་པ་དེ་ལ་འདུད། །ཅེས་སོ། །གཞན་ཡང་བསྟན་སྲུང་དབང་པོ་རྣམས་སོགས་ལྷག་པའི་ལྷ་དུ་མས་དངོས་དང་རྣམ་འཕྲུལ་མཐའ་ཡས་པའི་སྒོ་ནས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པའི་ཚུལ་འདི་ལྟར་ཡང་ཐོས་ཏེ། རྗེ་ཉིད་དཔལ་མགོན་ཞལ་བཞི་པའི་གསུང་བསྙེན་ལ་བཞུགས་པའི་དུས་ཤིག་གི་ཚེ། ད་ལྟ་ཞིང་སྐྱོང་མར་གྲགས་པའི་ཧོར་སིལ་ཁྱད་པར་ཅན་འདི་ནང་པར་ཕྱག་ཏུ་འབྱོར་རྒྱུའི་དོ་ནུབ་མནལ་ལམ་དུ། མི་སྨུག་ཚོན་པ་ཞིག་གིས་རས་ཀྱིས་དྲིལ་བའི་སིལ་སྙན་ཞིག་རྒྱབ་ལ་ཁྱེར་ཏེ་ཤར་ཕྱོགས་ནས་བྱུང་བའི་རྗེས་སུ་མི་སྐྱ་ཤར་བ་ཞྭ་ཐེབ་གྱོན་པ་མང་པོ་དང་། བན་ཆུང་མང་པོ་ལུང་པ་ཁེངས་པ་ཙམ་སླེབས་བྱུང་བས། དེ་མ་ཐག་ཨ་ཙ་ར་ནག་པོ་འཇིགས་སུ་རུང་བ་གཉིས་གློ་བུར་དུ་བྱུང་ནས། སྔར་གྱི་མི་སྐྱ་ཤར་བ་དང་བན་ཆུང་ཐམས་ཅད་ཁོང་གཉིས་ཀྱིས་ལུང་པ་མ་བརྒལ་གྱི་བར་དུ་ཕྱིར་བསྐྲད་དེ། དེའི་མོད་ལ་མི་སྨུག་ཚོན་པ་དེ་དྲུང་དུ་སླེབས་པ་དང་མཉམ་དུ་མནལ་སད་བྱུང་བ་ན་ཅི་ཡིན་ནམ་སྙམ་དུ་དགོངས་པའི་ཚེ། དེའི་ཉིན་མོ་ཧོར་སིལ་འདི་མནལ་ལམ་དུ་བྱུང་བ་བཞིན་རས་དྲིལ་དང་བཅས་ནས་ཞབས་དྲུང་དུ་འབྱོར་བྱུང་བའི་ཚེ་ཉིད་ཀྱི་གསུང་ལས། སིལ་སྙན་ཁྱད་པར་ཅན་འདི་ཆོས་སྐྱོང་ཞལ་