R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩༣ན
[A:༢༩༣ན]བསྟན་པའི་མངའ་བདག་ཆེན་པོའི་ཞབས་དྲུང་དུ་འབྱོར་མ་ཐག གང་གི་མཚན་བསྒྱུར་བ་དང་བསྟུན་ནས་དཔལ་ལྡན་བླ་མ་དམ་པའི་སྐུ་འདྲ་ཕྱག་ནས་མ་ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་བཞེངས་པ་དེ་དང་། མགོན་པོའི་རྡོ་སྐུ་དཔལ་ལྡན་བླ་མའི་ཐུགས་དམ་མ་གཉིས་རྗེ་ཉིད་ལ་སྩལ་ཏེ། རྒྱན་མཆོག་ཁྱོད་ཀྱིས་དཔལ་ལྡན་བླ་མ་དམ་པའི་རྣམ་འཕྲུལ་ཡིན་པ་དོན་དང་ལྡན་པ་ཞིག་ཅིས་ཀྱང་བྱ་དགོས་སོ་ཞེས་གསུང་བཞིན་དུས་རྒྱུན་པར་ཡང་ཉམས་ལྡན་གྱི་ཚུལ་གྱིས་དེ་ལྟར་ཡང་ཡང་དུ་གསུང་འབྱོན་པ་ཅིག་ཡོད་ཅེས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་གསུང་ལས་ཐོས་པ་ལགས། དོན་གྱི་དབང་དེ་ཉིད་ཀྱི་ཕྱིར་འདི་སྐད་ཅེས་བསྟོད་དེ། མཧཱ་ལོ་ཙཱ་བསོད་ནམས་རྒྱལ་མཚན་ཞེས། །ཡོངས་གྲགས་དཔལ་ལྡན་བླ་མ་བཟང་པོ་དེའི། །རྣམ་པར་སྤྲུལ་ཞེས་འགྲོ་བ་ཡོངས་ལ་གྲགས། །འབྲེལ་ཚད་དོན་ལྡན་བླ་མའི་ཞབས་ལ་འདུད། །དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་སྟོན་པ་རྫོགས་པའི་སངས་རྒྱས་དང་ཐུགས་རྒྱུད་གཅིག་གིས་བསྡུས་པའི་སྤྲུལ་པའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱིས་གདུལ་བྱ་གཞན་གྱི་སྣང་ངོར། ཡོངས་འཛིན་འབྲེལ་ཚད་དོན་ལྡན་དུ་མའི་ཞབས་ཟུང་བསྟེན་པ་སོགས་ཀྱི་སྒོ་ནས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ཚུལ་ནི་འདི་ལྟར་ཐོས་ཏེ། དེ་ཡང་། འཁྲུལ་པ་ཀུན་ཞིག་ངག་གི་དབང་པོ་སོགས། །མཁས་གྲུབ་བླ་མ་དུ་མས་རྗེས་སུ་བཟུང་། །ཞེས་པ་ལྟར། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ་དམ་པའི་ཆོས་གསན་པའི་རྣམ་གྲངས་