R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༨བ
[A:༢༨༨བ]མཁྱེན་གྱིས་དགོངས་པ་ཁོ་ན་ལས་གཞན་དུ་མ་འདས་སོ་སྙམ་པའི་དད་པ་ཆེས་ཆེར་སྐྱེས་པའི་མོད་ལ་གཉིད་སད་བྱུང་བས། རང་གི་དད་མོས་ཀྱིས་མ་བསླུས་ན་རྗེ་གྲུབ་ཐོབ་ཀྱི་གཙུག་རྒྱན་དེ་ཉིད་ཀྱི་ཐུགས་རྗེ་ལ་ཉེ་རིང་མེད་པར་འདུག་སྙམ་པའི་ཡིད་ཆེས་དང་དགའ་སྤྲོ་ཅི་ཡང་ཞིག་ཐོབ་པ་ལགས་སོ། །དེ་ནས་བདག་ཉིད་ཆེན་པོའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་རེ་ཞིག་དགེ་སྡིངས་བཀྲ་ཤིས་བསམ་འགྲུབ་ཏུ་མཆོད་རྟེན་ཁང་བུ་བརྩེགས་པ་ཞིག་བྱས་ནས་བཞུགས་སུ་གསོལ་ཏེ། དེའི་དྲུང་དུ་རྡོ་རྗེ་འཛིན་པ་བཅུ་ཕྲག་ལྷག་ཙམ་ཞིག་གིས་དུས་དང་རྒྱུན་གྱི་མཆོད་པ་རྒྱ་ཆེན་པོ་རྒྱུན་མ་ཆད་པར་ཕུལ་ཞིང་། དེ་ནས་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་དགོངས་པ་རྫོགས་ཐབས་སུ་དབུས་གཙང་གི་ལྗོངས་ཀྱི་དགོན་གནས་ཉིས་བརྒྱ་ལྷག་ཙམ་ཞིག་ཏུ་མང་ཇ་འགྱེད་བཅས། བསྡོ་རྟེན་ཚན་གྲངས་སོགས་རྒྱ་དཔངས་ཤིན་ཏུ་ཆེ་བར་བསྒྲུབས་ཤིང་། དེ་དང་དུས་མཚུངས་པར་གདན་ས་ཆེན་པོར་དགེ་འདུན་བརྒྱ་ཕྲག་ལ་ཉེ་བ་ཙམ་ཞིག་གིས་རྡོ་རྗེ་ཐེག་པ་བླ་ན་མེད་པའི་དཀྱིལ་འཁོར་དུ་མ་ཞལ་ཕྱེ་སྟེ་སྒྲུབ་མཆོད་ཡུན་རིང་ཕུལ་ཞིང་། དེ་ནས་དགོངས་རྫོགས་ཀྱི་དངོས་གཞི་ལ་གདན་ས་ཆེན་པོའི་གཙུག་ལག་ཁང་ཐམས་ཅད་དུ་དཀར་མེ་སྙན་དར་སོགས་མཆོད་པའི་བྱེ་བྲག་ཚར་དུ་དངར་བ་དུ་མ་དང་། བླ་མ་སློབ་དཔོན། ལས་ཆེན་སོགས་ཟུར་འབུལ་འོས་པ་རྣམས་ལ་ཚན་གྲངས་དཔངས་མཐོ་བ། གཞི་བྱེས་ཀྱི་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ཁྲི་ཕྲག་ཏུ་ལོངས་པ་ལ་མང་ཇ་གདན་ནོན་ཟབ་མའི་སྟེང་། ཟང་ཟིང་གི་སྦྱིན་གཏོང་བློའི་ར་བ་ལས་འདས་པ་ཞིག་བསྒྲུབས་པས། སྐྱ་སེར་ཚོགས་ཆེ་ཞིང་གྲངས་མང་བ་ལ་བརྟེན་སྦྱིན་གཏོང་