R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༨ན
[A:༢༨༨ན]ལ་གསོལ་འདེབས་བཤགས་པ་དང་བཅས་པའི་ཚིགས་བཅད་ཅིག་ཀྱང་བརྩམས་ཡོད་དོ། །དེ་ལྟ་བུའི་ཡོངས་སུ་འཛིན་པ་ཆེན་པོ་དེ་ཉིད་གཞན་ངོར་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་མོད་ཀྱང་། དད་ལྡན་གྱི་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་ན་ཉམས་དང་རྨི་ལམ་གྱི་ཚུལ་དུ་ཞལ་གྱི་དཀྱིལ་འཁོར་བསྟན་ནས་འབྲལ་བ་མེད་པར་བྱིན་གྱིས་རློབས་པར་ངེས་ཏེ། རྗེ་ཉིད་ཀྱི་སློབ་མའི་ཐ་ཆུང་ངོས་ཅག་ལྟ་བུ་ལ་མཚོན་ནའང་། ཁྱི་ལོ་དཔལ་ས་སྐྱའི་ལྷ་ཁང་ཆེན་མོར་གཞི་བྱེས་ཀྱི་ཆོས་ཉན་པ་ཉིས་བརྒྱ་ལྷག་ཙམ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཉམས་མྱོང་སྟེང་ནས་འཆད་རྒྱུ་ཁོ་བོ་ལ་མེད་མོད་ཀྱང་། ཚིག་བཤད་གང་ཤེས་ཀྱི་ངོས་ཟླ་བ་གསུམ་ཙམ་གྱི་བར་དུ་སྨིན་རྒྱས་འཆད་སྐབས་ཐོ་རངས་ཀྱི་ཆ་ཞིག་རྨི་ལམ་དུ། ལྷ་ཁང་ཆེན་མོའི་སྟེང་གི་མགོན་ཁང་ཁྱད་པར་ཅན་དེ་ཉིད་དུ་འཇམ་མགོན་གྲུབ་པའི་དཔའ་བོ་དབང་པོའི་མཚན་ཅན་དེ་ཉིད་གསལ་པོར་བྱོན་ཏེ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྷ་བརྒྱད། ལྷ་བཅུ་གཉིས་མ། ལྷ་ལྔ་མ་རྣམས་ཀྱི་དབང་བསྐུར་དུས་གཅིག་ལ་སྩལ་བ་སྙམ་བྱེད་པ་དེའི་ངང་ནས་ཐུགས་དགེས་པའི་མདངས་དུ་མ་ཞིག་མཛད་དེ། ཁྱེད་ལ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་དབང་བསྐུར་མཛད་དུས་ཀྱི་ཁྱོར་ཆུའི་སྣོད་འཁྲུལ་མེད་དུང་ཆོས་ངོ་མཚར་ཅན་ཡོད་པ་དེ་ངེད་ལ་དགོས་པ་འདུག་ཅེས་གསུང་བྱུང་བ་ན། ཨེ་མ་ངོ་མཚར་ཆེ། དུང་ཆོས་དེ་ལག་ན་ཡོད་པའི་འཕྲོས་ཟུར་ཙམ་ཡང་རྗེའི་སྐུ་འཁོར་བ་སོགས་སུ་དང་ཡང་འཕྲོས་མ་བྱུང་བར། འདི་བཞིན་གྱི་བཀའ་སྩལ་ཕེབས་པ་ནི་ཐུགས་