R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༦ན
[A:༢༨༦ན]བསླབ་བྱ་མཐའ་དག་ཞུས་པའི་ཚེ། སྤྱིར་འདས་མ་འོངས་ཀྱི་བཀའ་སྩལ་ལུང་བསྟན་མཐའ་ཡས་པ་ཞིག་གནང་ནས། དེ་རྣམས་གསུངས་པའི་རྗེས་སུ་ད་ནི་ཞབས་དབང་བཀའ་བསྒོ་ཞིག་ཀྱང་བྱེད་པ་ཡིན་ནོ་གསུངས་ཏེ། ཆོས་སྐྱོང་རྣམས་ལ་བཀའ་བསྒོ་རྒྱས་པར་མཛད་ཅིང་། དེ་ནས་བཞུགས་གདན་ནས་བཞེངས་ཏེ། དེས་ན་ངེད་རང་ཁུ་དབོན་རང་འདོད་ཕུགས་སུ་འཚབ་པའི་བདུད་སྤྲུལ་ཚོའི་ཟེར་སྟབས་ཀྱི་དབང་དུ་མ་སོང་པའི་བསྟན་པ་བསམ་པ་ཞིག་ཅིས་ཀྱང་དགོས་པ་འདུག་པས་ངེད་ཀྱིས་ཀྱང་ཁྱེད་རང་དཔོན་སློབ་ཚོར་དབུ་འདོན་དུ་གང་འགྱུར་ཞུ་བ་འདི་ཀ་ཁ་ཞེ་མེད་པས། ངེད་ཀྱི་གྲོགས་མཆོག་ཆོས་རྗེ་ལ་ཡང་མགོ་འདོན་དུ་སྤྱན་བྱམས་པ་ཞིག་ཅིས་ཀྱང་མཛད་དགོས་སོ་ཞེས་གསུང་བྱུང་བས། རང་ཉིད་རྟག་འཛིན་ཆེས་པ་ནས་ཅི་གསུང་བ་ཡིན། སྔར་ནས་ངེད་ཀྱི་བླ་མ་འདི་འདི་ལྟ་བུའི་གསུང་འཇེབས་པ་ཆེ་བཙུན་ཡུལ་གཉན་སུ་ལ་ཡང་མི་གནང་བ་ལ། ད་ལན་ངེད་ལྟ་བུའི་སློབ་མའི་ཐ་ཆུང་ཤིག་ལ་དེ་ལྟ་བུ་གསུང་བ་ཅི་རང་ཡིན་སྙམ་པའི་སེམས་དགའ་ལ་སྐྱོ་བ་ཞིག་བྱུང་བ་ཕྱིས་བསམས་པས། རྗེ་ཉིད་མྱུར་དུ་དག་པའི་ཞིང་དུ་ཕེབས་པའི་དགོངས་པ་དེ་དུས་ནས་གཏད་པའི་གསུང་དུ་འདུག་ཅིང་། དེ་ནས་བདག་ཉིད་ཆེན་པོ་ཆིབས་ཐོག་ཏུ་འཁྱོན་ནས་རྒྱང་ཙམ་ཕེབས་སྐྱེལ་ཞུས་ནས་དཔོན་སློབ་གྱེས་ཀར། རྗེ་ཉིད་ཀྱིས་ཆིབས་པ་གཡོན་ཕྱོགས་སུ་བསྒོར་མཛད་ནས་ཕྱག་གཡོན་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ལྟ་བུ་ཞིག་མཛད་དེ། ངེད་རང་ཚོ་མྱུར་དུ་མཇལ་ཡོང་བས་དེ་བར་ཐུགས་བཞུགས་སྤྲོ་བ་མཛོད་ཅིག་གསུང་བྱུང་བས་ཡིད་འཕྲང་བ་ལ་ཚད་མེད་པ་ཞིག་བྱུང་ནས། ད་