R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༥བ
[A:༢༨༥བ]རྗེའི་སྒྲུབ་ཐབས་ཀྱི་རྣམ་བཤད། གསུང་ངག་གི་ཁྲིད་ཡིག སློབ་དཔོན་རིན་པོ་ཆེ་པདྨའི་རྣམ་ཐར་སོགས་དང་། གཞན་ཡང་གདམས་པའི་སྐོར་དུ་མ་དང་གནས་ཆེན་རྣམས་ཀྱི་བསྟོད་པ། རྩ་བའི་བླ་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་བསྟོད་པ་དང་། གསོལ་འདེབས་ཀྱི་སྐོར་ལ་སོགས་པ་རྩོམ་པ་སྡེབ་ལེགས་ཀྱི་གསུང་རབ་ཀྱང་མང་དུ་མཛད་དེ་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ཡིན་ནོ། །དེ་ལྟ་བུའི་གྲུབ་པའི་འཁོར་ལོས་སྒྱུར་བའི་སྐྱེས་ཆེན་དེ་ཉིད་དགུང་ལོ་དྲུག་ཅུ་རེ་གསུམ་དུ་ཕེབས་པར་ཉེ་བ་ན། ཞིང་འདིའི་གདུལ་བྱ་དེ་ཙམ་གྱིས་རྫོགས་ནས་ཞིང་ཁམས་གཞན་དུ་གཞན་དོན་རྒྱ་ཆེ་བ་ལ་དགོངས་ཏེ། ཉིད་ཀྱི་གསུང་ལས། ཁོ་བོ་ནི་སྔ་མོ་ནས་ཀྱིས་བསམས་པ་བཞིན་ད་མྱུར་དུ་རྒྱ་གར་ལ་འགྲོ་ངེས་པས་དེའི་ཕྱག་གཡོག་གི་འོས་རྣམས་ཀྱང་གང་ཟག་འདི་དང་འདི་ཞེས་བྱ་བ་དག་མོ་བརྟག་བྱས་པའི་ཕྱུག་པ་རྣམས་ལ་ཁྲིད་རྩིས་ཡིན་གསུང་བ་སོགས་དག་པའི་ཞིང་དུ་མྱུར་དུ་ཕེབས་པ་ལ་ཐུགས་རྩེ་གཏད་ཀྱང་བདག་ཅག་ལྟོས་བཅས་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་ཡུལ་ཁམས་གཞན་དུ་ཉེ་བར་ཕེབས་པའི་གསུང་ཡང་དང་ཡང་དུ་འབྱོན་པར་མཛད་ཅིང་། དེ་ལྟ་བུའི་སྐབས་ནས་གདན་ས་ཆེན་པོར་རྒྱུན་མི་ཐུང་ཙམ་ཞིག་བཞུགས་པའི་དགོངས་པ་ཡོད་ཀྱང་། རྩེ་གདོང་ནས་སྤྱན་འདྲེན་གྱི་ཕོ་ཉ་ནན་ཆེན་བྱུང་བ་ལ་བརྟེན་ནས་ཞུ་ཤིན་ཏུ་དཀའ་ཡང་མཐར་ཞལ་བཞེས་གནང་ནས་སྤྲེའུ་ལོ་ཟླ་བ་བདུན་པའི་ཚེས་བཅུ་དགུའི་ཐོ་རངས་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད་པའི་ཚེས་བཅོ་བརྒྱད་དང་། ཁྱད་པར་བཅུ་དགུའི་ཆིབས་ཐོག་ཏུ་ཁེལ་བར་ཉེ་བའི་ཚེ། ངེད་རང་ཞབས་དྲུང་དུ་ཡུན་རིང་བསྡད་ནས་