R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༥ན
[A:༢༨༥ན]བན་རྒན་མགོ་དཀར་བ། །ཞེས་དང་། དྲིས་ལན་བསྟན་པ་རྒྱས་བྱེད་ཀྱི་མཇུག་ཏུ་ཡང་། པདྨས་རྗེས་བཟུང་རི་ཁྲོད་པ། །བྱས་འགྱུར་སྒྲུབ་ཆེན་ཞེས་བྱས་བྲིས། །ཞེས་གསུངས་པ་སོགས་མང་དུ་འབྱུང་བས་སོ། །གཞན་ཡང་བླ་མ་མཆོག་གི་ལུང་བསྟན་ཁྱད་པར་ཅན་ཡང་བརྙེས་པའི་ཚུལ་ནི། རྗེ་འདི་སྐུ་ན་གཞོན་ནུའི་དུས་སུ་སྔགས་འཆང་ཆེན་པོའི་གསུང་ལས། བསོད་ནམས་དབང་པོ་འདི་མ་འོངས་པའི་དུས་སུ་དབུས་གཙང་མངའ་རིས་སོགས་རྒྱལ་ཁམས་ཐམས་ཅད་ཀྱི་བླ་མར་གྱུར་ནས་འགྲོ་བ་མ་ལུས་པ་དབང་དུ་འདུས་པའི་མཐུ་སྟོབས་ལ་ཀུན་གྱི་འགྲན་ཟླ་དང་བྲལ་བ་ཞིག་འབྱུང་ངོ་ཞེས་ལུང་བསྟན་པ་ལྟར་མཐུ་སྟོབས་དང་ནུས་པ་སྟོབས་ཀྱི་མགོན་པོ་བིརྺ་པ་དང་དབྱེར་མ་མཆིས་ཤིང་། གང་གི་ཞལ་གྱི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་གདུལ་བྱ་ཐམས་ཅད་དབང་དུ་འདུ་བ་ཞིག་ཡིན་ལ། དེ་ལྟ་བུའི་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱི་ནང་དུ་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ལས་མ་གཡོས་བཞིན་དུ་མཁས་པའི་བྱ་བ་རྣམ་གསུམ་གྱི་ནང་ནས་འཆད་པ་ཉི་མའི་འོད་ཟེར་གྱིས་གདུལ་བྱའི་བློ་གྲོས་ཀྱི་པདྨོ་རབ་ཏུ་གསལ་བར་མཛད་པའི་ཚུལ་ནི། བདག་ཉིད་ཆེན་པོ་འདིས་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཐུན་མོང་མ་ཡིན་པ་ཡང་ཕུར་གཉིས་དང་། བདེ་ཀྱེ་གསང་གསུམ་སོགས་ཀྱི་དབང་བྱིན་རླབས། རྗེས་གནང་ལུང་ལ་སོགས་པ་དུ་མ་ཞིག་སྩལ་བའི་སྒོ་ནས་སྐལ་ལྡན་གྱི་སློབ་མའི་ཚོགས་ཀྱང་བསམ་གྱིས་མི་ཁྱབ་པ་ཞིག་བསྐྲུན་པར་མཛད་ཅིང་། དངོས་དང་བརྒྱུད་པའི་གདུལ་བྱ་རྣམས་ཀྱི་དོན་དུ་སྔོན་མེད་པའི་ལེགས་བཤད་ཀྱི་ཚོགས་གསར་དུ་མཛད་པ་ཡང་དགེས་པ་རྡོ་