R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༢ན
[A:༢༨༢ན]པ་དང་། བྲག་ཕུག་མེ་འབར་བའི་ཁྲོད་ན་བཞུགས་པའི་གུར་གྱི་མགོན་པོའི་སྐུ་ཟིལ་དང་ལྡན་པ་ཞིག་དངོས་སུ་གཟིགས་པ་དང་། གཞན་ཡང་བསྟན་སྲུང་དབང་པོ་རྣམས་ཀྱིས་དངོས་དང་རྣམ་འཕྲུལ་དུ་མས་ཞལ་ཡང་ཡང་བསྟན་པའི་ལོ་རྒྱུས་མང་དུ་ཡོད་ཀྱང་འདིར་མ་སྤྲོས་ལ། ཁྱད་པར་པུ་ཏྲ་ཆེན་པོ་ཉིད་དང་འབྲལ་མེད་དུ་བཞུགས་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། འདུག་གྲོགས་སུ་པུ་ཏྲ་ངོ་མཚར་ཆེ། །ཞེས་གསུངས་པ་དང་། ཁོ་བོ་ཅག་གིས་རྗེ་ཉིད་ཀྱི་དྲུང་དུ་བྱས་འགྱུར་བླ་བྲང་ནུབ་ཀྱི་མགོན་ཁང་ཁྱད་པར་ཅན་དེར། གུར་མགོན་ལྷ་བརྒྱད། དཔལ་མགོན་ཞལ་ཁྲ་ཅན། པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་རྣམས་ཞུས་པའི་དུས། རྗེ་ཉིད་ཀྱི་གསུང་ལས། ཁ་རྩང་བྱས་འགྱུར་གྱི་མཎྜལ་ན་མོན་པ་མིང་སྲིང་གསུམ་གར་བྱེད་ཀྱི་འདུག་པ་འཚུབ་མ་ཞིག་ཏུ་སོང་ནས་བྲག་འདི་ལ་ཐིམ་སོང་བ་དེ་རེས་རྗེས་གནང་འདི་བྱེད་པའི་རྟེན་འབྲེལ་དུ་འདུག་གསུང་བ་སོགས་ཀྱིས་ཤེས་སོ། །ཡི་དམ་ཞི་ཁྲོ་རྣམས་ཀྱི་ཞལ་གཟིགས་པ་ཡང་། ཡང་ཕུར། གུར་དྲག བདེ་ཀྱེ་རྣམས་ཀྱི་ཞལ་མངོན་སུམ་དུ་བསྟན་པའི་ཚུལ་ངོ་མཚར་ཅན་མང་དུ་སྣང་ཞིང་། ལྷག་པར་རྡོ་རྗེ་གཞོན་ནུ་ཉིད་ཀྱི་ཞལ་ལན་གཅིག་མ་ཡིན་པར་ཡང་ཡང་དུ་གཟིགས་ཤིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་མཐིལ་ཡང་ལྷག་པའི་ལྷ་འདི་ཁོ་ན་ལ་མཛད་པ་ཡིན་ནོ་སྙམ་དུ་ཁོ་བོ་སེམས་ཤིང་། དེ་ལྟར་དངོས་གྲུབ་ཀྱི་མཚན་མ་བརྙེས་ནས་གྲུབ་པའི་རྟགས་མཚན་བསྟན་པའི་ཚུལ་ནི། སྤྱིར་བདག་ཉིད་ཆེན་པོ་འདིས། ཟབ་ཕུ། རྟ་ནག མངའ་རིས་སོགས་སློབ་དཔོན་རིན་པོ་ཆེ་པདྨའི་གནས་ཆེན་