R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༢བ
[A:༢༨༢བ]ཕལ་ཆེ་བ་རྣམས་སུ་སྐམ་སར་ཆུ་འདོན་པ་དང་། བྲག་ལ་ཕྱག་ཞབས་ཀྱི་རྗེས་འཇོག་པར་མཛད་པ་སོགས་གྲུབ་པའི་རྟགས་བསྟན་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་མོད་ཀྱང་། འདིར་མང་དུ་དོགས་པས་མ་བྲིས་ལ། མཚོན་པ་ཙམ་ཞིག་བརྗོད་ན། བྱས་འགྱུར་རྡོ་རྗེའི་བྲག་རྫོང་ཉིད་དུ་བླ་མ་ལྷས་རྗེས་སུ་བཟུང་ཞིང་གྲུབ་པའི་རྟགས་མཚན་བསྟན་པའི་ཚུལ་ནི། རྗེ་ཉིད་ཀྱིས་མཛད་པའི་སློབ་དཔོན་པདྨའི་རྣམ་ཐར་གྱི་མཇུག་ཏུ་འདི་ལྟར་འབྱུང་སྟེ། གྲུབ་པའི་གནས་མཆོག་བྱས་འགྱུར་རྡོ་རྗེའི་བྲང་རྫོང་གི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་གཟིམས་ཕུག་ཁམས་གསུམ་ཟིལ་གནོན་དུ་སྤྲོས་མེད་ཀྱི་དགེ་སྦྱོར་ཅི་ཡང་བགྱིས་པའི་ཚེ། རྒྱལ་གྱི་ཟླ་བའི་ཉེར་ལྔའི་ནུབ་མོ་རྨི་ལམ་དུ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་མགུར་ཞིག་ཏུ། དབེན་གནས་བྱས་འགྱུར་དཔལ་རི་པདྨ་འོད། །ས་ལོ་འཇམ་པའི་རྡོ་རྗེ་པད་འབྱུང་དངོས། །ཆུ་རྣམས་ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ། །ཟ་ཉལ་འཆག་གི་རྣལ་འབྱོར་ལུས་སེམས་བདེ། །ཞེས་གསུངས་པ་དེ་དྲན་པས་རྐྱེན་བྱས་ནས། བྱས་འགྱུར་གྱི་རི་འདི་ཉིད་ཟངས་མདོག་དཔལ་གྱི་རི་བོ་དང་། གཟིམས་ཕུག་དེ་པདྨ་འོད་ཀྱི་གཞལ་ཡས་ཁང་དངོས་ལྟ་བུར་གྱུར་པའི་དབུས་ན། པདྨའི་སྡོང་པོ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེ་གསེར་གྱི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྐུ་བལྟ་བས་ཆོག་མི་ཤེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་མཐའ་སྐོར་དུ། །རིགས་འཛིན་གྲུབ་པའི་དབང་ཕྱུག་བརྒྱུད་པ་དང་བཅས་པ་བཞུགས་པའི་