R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༡བ
[A:༢༨༡བ]བཞེད་དེ། རྗེ་མུས་ཆེན་ཉིད་ངམ་རིང་རྒྱལ་པོའི་ཕོ་བྲང་ན་བཞུགས་པའི་སྐབས་ཤིག་བདག་ཉིད་ཆེན་པོས་ཐུགས་དམ་དང་བཅས་རྐང་མགྱོགས་ཤིག་ཆེད་གཏད་གནང་སྟེ། སྤྱིར་ངེད་ཀྱི་འདོད་ཆོས་རྣམས་དབུས་གཙང་གི་ལྗོངས་འདིར་འཚོལ་ལུགས་བྱས་པས་བློ་ཁ་ཁེངས་པ་ཙམ་བྱུང་ཡང་། བདེ་མཆོག་གི་སྐོར་འདི་སྔར་ཡན་རེ་བ་བཞིན་མ་བྱུང་བ་ཁྱེད་མུས་པ་ཚོ་བརྒྱུད་པ་གཙང་ཞིང་བདེ་མཆོག་སྐོར་ལ་འདྲིས་པ་ཞིག་ཡིན་པས། དེ་སྐོར་གྱི་ཆོས་བཀའ་ཡོངས་སུ་རྫོགས་པ་ཞིག་ངོས་ལ་ཞུ་དགོས་འདུག་པས་བསྟན་ལ་དགོངས་པའི་ཐུགས་ཁུར་བསྐྱེད་པ་རང་གལ་ཆེ་ཆེ་ཞེས་པའི་བཀའ་དམ་ནན་ཆགས་ཕེབས་འདུག་པ་སོགས་མདོར་ན་ཟབ་མོའི་ཆོས་གསན་པ་ལ་དུས་ཁོར་ཡུག་ཏུ་འབད་རྩོལ་གཞན་ལས་ཆེས་ཆེ་བ་མཛད་དེ། གསན་པ་དེ་དག་ཀྱང་དོན་དང་ལྡན་པར་བྱ་བའི་ཕྱིར་རྩེ་གཅིག་ཏུ་བསྒོམ་སྒྲུབ་ལ་བཞུགས་པའི་ཚུལ་ནི། དེ་ཡང་གདན་ས་ཆེན་པོ། དགེ་སྡིངས་བཀྲ་ཤིས་བསམ་འགྲུབ། བྱས་འགྱུར་རྡོ་རྗེའི་བྲག་རྫོང་། ཕུ་རི་གླང་བྲག་གི་རི་ཁྲོད་སོགས་སུ་ཐུགས་དམ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་ནས་ཡི་དམ་ཞི་ཁྲོ་དུ་མའི་གསུང་བསྙེན་དང་། ལྷག་པར་ཆོས་སྐྱོང་གི་རྩ་སྔགས་སྙིང་པོ་ཉེ་སྙིང་རྣམས་ལ་བྱེ་བསྙེན་སོགས་གསུང་བཟླས་མང་དུ་མཛད་པས་མཐུ་དང་ནུས་པའི་མངའ་བདག་ཏུ་གྱུར་ཅིང་། ཡི་དམ་ཞི་ཁྲོ་དུ་མ་དང་། རྡོ་རྗེའི་ཆོས་སྐྱོང་དུ་མས་ཞལ་གཟིགས་ཤིང་བྱིན་གྱིས་བརླབས་པའི་མཚན་མ་མང་དུ་བརྙེས་པ་ཡིན་ཏེ། དེ་ཡང་བྱས་འགྱུར་དུ་ལོ་གསུམ་ལན་གཉིས་གནང་བའི་སྔ་མའི་དུས། ཤིང་མགོན་ཡིད་བཞིན་ནོར་བུའི་ཐུགས་ཀ་ནས་འོད་སྔོན་པོ་ཞིག་བྱུང་བ་རྗེ་ཉིད་ཀྱི་ཐུགས་ཀར་ཐིམ་