R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨བ
[A:༢༨བ]པ། ས་དང་པོ་གཞོན་ནུའི་ས་ལ་བཞུགས་ཤིང་སྐུའི་བཀོད་པ་གཉིས་ཀྱི་སྒོ་ནས་བདེ་བ་ཅན་དུ་གཤེགས་པ་དེ་ཡིན་ལ། གཞན་ཡང་རྗེ་དགོན་པ་བས་ལུང་བསྟན་པ་དང་། སྒྱི་ཆུ་བ་ལ་དབང་ཞུས་པའི་སྟ་གོན་གྱི་མནལ་ལམ་དང་མཐུན་པར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་འགྲུབ་པ་གསུམ་ནི། སིངྒ་ལའི་གླིང་ནས་ཨ་ཙ་ར་གཅིག བྱང་ཆུབ་སེམས་དཔའ་སྟག སྒོམ་པ་སྐྱི་འབར་བ་དང་གསུམ་མོ། །བཟོད་པ་ཐོབ་པ་བདུན་ནི། རྗེ་བཙུན་རིན་པོ་ཆེ། ཞུ་བྱས། དགའ་སྟོན་རྡོ་རྗེ་གྲགས། ནགས་སྒོམ་བསོད་ནམས་རྒྱལ་མཚན། ཚར་ཁའི་རྣལ་འབྱོར་པ། སྒོམ་པ་འོད་གྲགས། མང་ཆུང་མའོ། །གཞན་ཡང་མཁས་པ་དང་། ནུས་པ་དང་ལྡན་པ་དང་། ཏིང་ངེ་འཛིན་མཆོག་དང་ལྡན་པ་ཀུ་ས་ལིའི་ཚུལ་དུ་སྦས་ཏེ་བཞུགས་པ་དཔག་ཏུ་མེད་པ་བྱུང་ངོ་། འདི་དག་གི་རྣམ་ཐར་རྒྱས་པ་ནི་ཁོ་བོས་བྱས་པའི་གསུང་ངག་གི་ཆོས་འབྱུང་ཆེན་མོ་ལེགས་བཤད་འདུས་པའི་རྒྱ་མཚོ་སོགས་སུ་བལྟ་བར་བྱ་ཞིང་། གཞན་ཡང་གཞུང་བཤད་གཅེས་པར་འཛིན་པའི་ཐུགས་སྲས་བཅུ་གཅིག ཚིག་རྐང་རྣམ་པར་འགྲེལ་པའི་ཐུགས་སྲས་བདུན། ཕྱོགས་ཀྱི་མཁས་གྲུབ་ཆེན་པོ་བཞི་སོགས་བྱུང་བ་ཡིན་ཏེ། ཞུ་བྱས་ཀྱིས་བསྡེབས་པའི་བསྟོད་པ་ལས། ཟབ་དོན་ཡོངས་སུ་རྫོགས་པའི་སློབ་མ་ནི། ཕོ་བརྒྱད་མོ་གསུམ་དག་ལ་ཡི་གེར་གདམས། །ཞེས་པ་ལྟར། ཁམས་པ་ཨ་སེང་། ལྷོ་པ་ཞུ་བྱས། ཀློག་སྐྱ་ཇོ་སྲས་ཆོས་གྲགས། ཐུགས་སྲས་གཉན་ཕུལ་ཆུང་བ། གཙུག་ཏོར་རྒྱལ་པོ། མཚན་དངོས་བསོད་ནམས་རྡོ་རྗེ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བྱང་སེམས་ཟླ་བ་རྒྱལ་མཚན། ཟངས་རི་ཕུག་