R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨ན
[A:༢༨ན]ནུབ་སྒོའི་འཁྲིས་ཀྱི་ཆུ་འགྲམ་ན་མཆོད་རྟེན་གྱི་ཚུལ་དུ་མནན་པ་མཛད་པ་ཡིན་པས། འདི་ལ་ཆེད་གཏད་ཀྱི་བསྐོར་བ་མི་བྱ་ཞིང་། གལ་ཏེ་བྱེད་ཀྱང་མགོན་པོའི་རྩ་སྔགས་དང་བཟློག་བསད་ཀྱི་སྔགས་རྣམས་བཟླ་ཞིང་བསྐོར་བ་གཡོན་སྐོར་དུ་བྱ་བ་ཡིན་པར་གསུངས་སོ། །འདིར་སྐབས་ཀྱི་རྗེ་ས་ཆེན་གྱི་དངོས་སློབ་ཁམས་པ་རྡོར་རྒྱལ་དང་། བདེ་གཤེགས་ཁམས་པ་རྡོར་རྒྱལ་གཉིས་མིང་ཟུར་འདྲ་ཡང་ངོ་བོ་མི་གཅིག་སྟེ། ཕག་གྲུའི་མཚན་ལ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་ཞིང་། འདིའི་མིང་ལ་རྡོ་རྗེ་རྒྱལ་པོ་ཞེས་ཟེར་རོ། །དེ་ལྟ་བུའི་སྔགས་ནག་དང་བོན་ནག་གི་ལོ་རྒྱུས་འདི་རྣམས་ནི་ས་ལོ་འཇམ་པའི་རྡོ་རྗེའི་གསུང་རྒྱུན་ཡིན་ཞེས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་བཀའ་ཕེབས་ཇི་ལྟར་གནང་བ་བཞིན་འཇམ་པའི་དབྱངས་སྐུ་མཆེད་གཉིས་ཀའི་གསུང་ལས་ཐོས་པ་དང་། ལྷག་པར་འཇམ་དབྱངས་བསོད་ནམས་དབང་པོས་ས་སྐྱའི་གནས་བཤད་གསུང་རྩོམ་གནང་འཕྲོ་ཐོར་བུར་ཡོད་པ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན་ལ། གཞན་ཡང་བླ་མ་དེ་ཉིད་ཀྱིས་རྫུ་འཕྲུལ་བསྟན་པའི་ཚུལ་ནི། སྐབས་ཤིག་ཏུ་ཁམས་པ་ཅིག་གིས་ཁྱེད་སྤྱན་རས་གཟིགས་ཡིན་པའི་རྟགས་མངོན་སུམ་དུ་མི་སྟོན་ན་ཁོ་བོ་འདི་ཉིད་དུ་འགུམ་མོ་ཞེས་གྲི་སྙིང་གར་བཙུགས་པས། དེ་བཙུགས་མི་དགོས་འདི་ལ་ལྟོས་གསུངས་ནས་ཕྱག་མཐིལ་ནས་སྤྱན་བསྟན་པ་སོགས་མཐའ་ཡས་སོ། །དེ་ལྟ་བུའི་བླ་མ་ཆེན་པོ་དེ་ཉིད་ལ་སློབ་མའི་མཆོག་ཇི་ལྟར་བྱུང་སྙམ་ན། ཀུན་གྱི་མཆོག་ནི་སློབ་དཔོན་དཔལ་ལྡན་རྩེ་མོ་ཞབས་ཏེ་ཆོས་དང་རིགས་ཀྱི་སྲས་སུ་གྱུར་