R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༩ན
[A:༢༩ན]པ། ཁམས་པ་སྒ་ཐེང་། སྙག་བཞི་དར་མ་དབང་ཕྱུག་རྒྱལ་མཚན་ཏེ་ཕོ་བརྒྱད། རང་སྲས་ཀུན་དགའ་འབར་གྱི་ཡུམ་ཇོ་ལྕམ་ཕུར་མོ། །གཡའ་ལུང་གི་ཇོ་མོ་འ་འུ་མ། མང་མཁར་གྱི་ཇོ་མོ་མང་ཆུང་མ་སྟེ་མོ་གསུམ། རྣམ་འགྲེལ་བཅུ་གཅིག་ཅེས་གྲགས་པ་ནི་གང་ཟག་འདི་བཅུ་གཅིག་ལ་གདམས་པ་ཡིན་གྱིས་གཞན་དུ་ཡིད་གཡོ་བར་མ་བྱེད་ཅིག གཉིས་པ་ནི་གཞུང་བཤད་མཛད་པའི་དངོས་སློབ་སྣ་རོ་བནྡེ། སྟོང་སྒོམ་བྱང་ཆུབ་ཤེས་རབ། མི་ཉག་པྲཛྙཱ་ཛྭ་ལ། ཞུ་བྲག་དམར་བ། འུ་ཡུག་གི་གཡར་སྦུ་བ། ཕག་མོ་གྲུབ་པའོ། །ཕྱོགས་ཀྱི་མཁས་གྲུབ་བཞི་ནི། ལ་སྟོད་པ་དཀོན་མཆོག་མཁར། ཁམས་པ་རྒྭ་ལོ། ནེ་ཚེ་སྦལ་སྟོན། གཤེན་རྡོ་རྗེ་བཟང་པོ་དང་བཞི་རྣམས་སོ། །ཡང་བླ་ཆེན་དེ་ཉིད་ལས་སློབ་མ་འཕེལ་ཚུལ་རྣམས་གཞན་གྱིས་རྟོགས་སླ་བའི་ཕྱིར་ཚིགས་བཅད་དུ་བསྡེབས་པ་ནི། རྗེ་ས་ཆེན་གྱི་བསྟོད་པ་ཞུ་བྱས་ཀྱིས་མཛད་པའི་ཁ་སྐོང་པཎ་ཆེན་མི་ཉག་གྲགས་རྡོར་གྱིས་མཛད་པ་ལས་འདི་ལྟར་འབྱུང་སྟེ། གདུལ་བྱ་མཐའ་དག་སྨིན་པར་མཛད་པ་ལ། །ཞང་དགོན་སྒྱི་ཆུ་བ་ཡི་ལུང་བསྟན་ལྟར། །ཚེ་འདིར་ཕྱག་ཆེན་ཐོབ་པ་རྣམ་པ་གསུམ། །སིངྒ་གླིང་གི་རྣལ་འབྱོར་བྱང་སེམས་སྟག །སྒོམ་པ་སྐྱི་འབར་གསུམ་དུ་གསལ་བར་གྲགས། །བཟོད་པ་ཐོབ་པ་བདུན་དུ་གྲགས་པ་ནི། །རྗེ་བཙུན་ཆེན་པོ་ཞུས་བྱས་དངོས་གྲུབ་དང་། །ནགས་སྒོམ་བསོད་རྒྱལ་ཚར་ཁའི་རྣལ་འབྱོར་པ། །སྒོམ་པ་འོད་གྲགས་དགའ་སྟོན་མང་ཆུང་མ། །གཞོན་ནུའི་ས་ལ་གནས་པའི་སློབ་མ་ནི། །མཁའ་སྤྱོད་དབང་པོ་བསོད་ནམས་རྩེ་མོར་གྲགས། །གཞན་ཡང་བདག་ཉིད་