R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༠ན
[A:༢༨༠ན]ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཆེན་པོའི་ཆོས་ཀྱི་ཁྲི་ག་ལ་བ་དེར་བསྟན་པའི་བདག་པོར་མངའ་གསོལ་ཏེ། དེའི་སྐབས་སུ་བདག་ཉིད་ཆེན་པོ་འདིས་བསྟན་བཅོས་ཆེན་པོ་ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ། འདུས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་ལ། དག་གསལ་སྙན་པའི་གསུང་གིས་ཉི་མ་གསུམ་གྱི་བར་དུ་བཤད་པས། དེར་འདུས་ཀྱི་སྐྱེ་བོ་ཐམས་ཅད་ཡིད་འཕྲོག་པར་གྱུར་ཅིང་། དེ་ནས་བདག་ཉིད་ཆེན་པོ་འདི་དགུང་ལོ་བཅུ་དགུར་ཕེབས་པའི་ཚེ། ཆོས་ཀྱི་རྗེ་ནམ་མཁའ་དབང་ཕྱུག་པས་མཁན་པོ་དང་། ལས་ཀྱི་སློབ་དཔོན་རྗེ་མགོན་པོ་རིན་ཆེན་དང་། གསང་སྟོན་རྗེ་བྱམས་པ་བཀྲ་ཤིས་པས་མཛད་ཅིང་། གཞན་ཡང་གྲིབ་ཚོད་པ་དང་གྲོགས་དན་པ་གཉིས་ལོ་ཕུ་ནས་དགེ་སློང་བགྲེས་པ་གཉིས་ཀྱིས་མཛད་དེ། དེ་ལྟར་གཞི་བྱེས་ཀྱི་དགེ་སློང་ཉེར་ལྔ་ལྷག་ཙམ་འདུས་པའི་དབུས་སུ་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་བསྙེན་རྫོགས་ཀྱི་སྡོམ་རྒྱུན་དེ་ཉིད་བཞེས་ཏེ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཕྱིན་ཅི་མ་ལོག་པས་ཐུགས་རྒྱུད་ཕྱུག་པར་མཛད་དོ་ཞེས་ཐོས་ལ། དེ་དག་གི་གནས་སྐབས་རྣམས་སུ་བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་མདོ་ཕྱོགས་ལ་གསན་སྦྱོང་རྒྱ་ཆེན་པོ་མཛད་དེ། །རྗེ་འདི་དགུང་ལོ་བཅུ་ཕྲག་གཉིས་དང་བཞིས་ལྷག་པར་ཕེབས་པ་ཆུ་ཕོ་རྟའི་ལོ་གསར་དུ་ཤར་བ་ན་ཚོགས་ཆེན་པོར་མགོན་པོ་བྱམས་པའི་མངོན་རྟོགས་རྒྱན་སོགས་བྱམས་ཆོས་སྡེ་ལྔ། དམ་པ་ཆོས་ཀྱི་གྲགས་པའི་རྣམ་འགྲེལ་སོགས་ཚད་མ་སྡེ་བདུན། གཞན་ཡང་ཆོས་རྗེ་ས་པཎ་གྱི་སྡོམ་རིགས་གཉིས་སོགས་པོ་ཏི་བརྒྱ་དང་བཅུ་གཅིག་ཙམ་ཞིག་ལ་སྦྱོར་བཀོད་གསུང་བཤད་