R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༩བ
[A:༢༧༩བ]ཕེབས་ནས་ཞབས་འབྲིང་པ་རྣམས་ལ། ཁྱེད་རྣམས་ཀྱིས་བུ་ཚ་ལ་བཅའ་ག་ཆེར་མི་བྱེད་འདུག་ནའང་འདི་རང་ལ་གྲོགས་འགྲུལ་བཏུབ་ཅིག་སླེབས་འདུག་ཅེས་གསུངས་པ་ལ། ཞབས་འབྲིང་པ་རྣམས་ཀྱིས་གྲོགས་དེ་ཉིད་སུ་ལགས་ཞུས་པ་ན། སྔགས་འཆང་ཉིད་ཀྱི་གསུང་གིས། དེ་པུ་ཏྲ་ཡིན་པ་འདུག་ཅེས་གསུང་བར་གྲགས་པ་ལ་སོགས་པ་མདོར་ན་གཞོན་ནུའི་དུས་ཉིད་ནས་དམ་ཅན་པུ་ཏྲ་ཆེན་པོ་འབྲལ་བ་མེད་པའི་ཚུལ་གྱིས་འཕྲིན་ལས་རྒྱ་ཆེན་པོ་བསྒྲུབས་པ་ཞིག་ཡིན་ནོ་ཞེས་ཐོས་ལ། དེ་ནས་ཡོན་ཏན་གྱི་ཕྱི་མོ་འབྲི་ཀློགས་ལ་སོགས་པ་རྣམས་ནི་གཟིགས་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན་ཅིང་མཐར་ཕྱིན་ནས་རིམ་གྱིས་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་དྲུང་དུ། རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་ཡང་ཕུར་རྣམ་གཉིས། བདེ་ཀྱེ་གསང་གསུམ། ཡོ་ག་བྱ་སྤྱོད་རྡོ་རྗེའི་ཆོས་སྐྱོང་རྣམས་དང་བཅས་པའི་དབང་ལུང་མན་ངག་ཆོ་ག་ཕྱག་ལེན་དབྱངས་རོལ་གར་འཆམས་ལ་སོགས་པ་ཀུན་ལ་བྱང་ཆུབ་པར་མཛད་དེ། དེ་ནས་དགུང་ལོ་བཅུ་གཅིག་བཞེས་པ་ས་མོ་སྦྲུལ་གྱི་ལོ། །སྤྱན་སྔ་ཚུལ་ཁྲིམས་འབར་གྱི་རྣམ་པར་སྤྲུལ་པ་ལོ་ནས་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པའི་དྲུང་དུ་དཔལ་ལོ་དགོན་པའི་གཙུག་ལག་ཁང་ག་ལ་བ་དེར་ལམ་ཐམས་ཅད་ཀྱི་རྩ་བ་རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ནོས་ཤིང་། དེ་ནས་བརྩམས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་ཕུང་པོ་མིག་འབྲས་ལྟར་གཅེས་པར་བཟུང་ནས། བསླབ་བྱ་ཕྲ་ཞིང་ཕྲ་བ་ཀུན་ལ་ཡང་མ་ཉམས་པར་སྤྱོད་པ་ཞིག་ཡིན་ལ། དེ་ནས་བདག་ཉིད་ཆེན་པོ་འདིས་དགུང་ལོ་བཅུ་ཕྲག་གཅིག་དང་ཉག་མ་གཉིས་ཙམ་བཞེས་པ་ལྕགས་ཕོ་རྟའི་ལོ་བདག་