R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༨༠བ
[A:༢༨༠བ]སོགས་ཀྱིས་བསྟན་པའི་རྣམ་གཞག་ཕུལ་དུ་ཕྱིན་པ་མཛད་ཅིང་། དེ་ལྟ་བུའི་བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དམ་པ་རྣམས་ལས་ཟབ་རྒྱས་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་པའི་ཚུལ་ནི། ཐོག་མར་ཡབ་རྗེ་ཆོས་ཀྱི་རྒྱལ་པོ་སྔགས་འཆང་ཀུན་དགའི་མཚན་ཅན་ཉིད་ཀྱི་དྲུང་དུ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ། ཡང་དག་མར་མེ་དགུ་པ། བདེ་ཀྱེ་གསང་གསུམ། བདག་མེད་མ་རྣམས་ཀྱི་དབང་སོགས་སྨིན་བྱེད་དབང་གི་རྣམ་གྲངས་དུ་མ་ཞིག་དང་། གཞན་ཡང་རྡོ་རྗེ་བདག་མེད་མའི་བྱིན་རླབས་དང་། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སོགས་དང་། ཆོས་སྐྱོང་ཆེ་ཆུང་། ལས་མཁན་པུ་ཏྲ་མིང་སྲིང་གི་རྗེས་གནང་སོགས་རྗེས་གནང་གི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་དང་། ཡང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་སོགས་གྲོལ་བྱེད་ཁྲིད་ཀྱི་རྣམ་གྲངས་ཤིན་ཏུ་ཟབ་པ་དུ་མ་རྒྱབ་ཆོས་ཀྱི་ལུང་དང་བཅས་པ་དང་། གཞན་ཡང་ལུང་གི་སྐོར་ལ་རྗེ་བཙུན་གོང་མ་ལྔའི་བཀའ་འབུམ། རྡོ་རྗེའི་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ། ཀུན་མཁྱེན་བསོད་ནམས་སེང་གེའི་བཀའ་འབུམ། ས་ལོ་ཐམས་ཅད་མཁྱེན་པའི་བཀའ་འབུམ། ཇོ་བོའི་ཆོས་ཆུང་བརྒྱ་རྩ་རྣམས་ཀྱི་ལུང་གི་རིགས་བགྲང་བར་དཀའ་བ་ལྟ་བུ་ཞིག་གསན་ཅིང་། མདོར་ན་དགུང་ལོ་ཉེར་དྲུག་བཞེས་པ་ཚུན་ཆད་སྐུ་དང་གྲིབ་མའི་ཚུལ་དུ་འབྲལ་མེད་དུ་བསྟེན་ནས། ལུགས་གཉིས་ཀྱི་བཀའ་དྲིན་ཚད་མེད་པས་བསྐྱངས་པ་ལ་བརྟེན། ཉིད་ཀྱི་བླ་མ་རྣམས་ཀྱི་ནང་ནས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ལ་མཆོག་ཏུ་དད་གུས་ཆེ་བར་མཛད་ཅིང་། གཞན་ཡང་བདག་ཉིད་ཆེན་པོ་འདིས་ཡོངས་འཛིན་དཀོན་