R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༩ན
[A:༢༧༩ན]འདིའོ། །ཡང་སྔགས་འཆང་བླ་མ་ཀུན་དགའ་རིན་ཆེན་གྱི་བཙུན་མོ་གཉིས་པ་གདོང་དགའ་མ་བསོད་ནམས་ལེགས་འཛོམ་དཀར་མོ་ཞེས་བྱ་བ་ལ། སྲས་ལྕམ་སྲིང་བཞི་འཁྲུངས་པའི་གཅེན་པོ་ནི་བདག་ལ་བཀའ་དྲིན་ཆེ་བའི་བླ་མ་གསུམ་གྱི་ནང་ཚན་འཇམ་མགོན་གྲུབ་པའི་དཔའ་བོ་པདྨའི་རྣམ་སྤྲུལ་འཇམ་པའི་དབྱངས་བྱམས་པ་དཔལ་ངག་དབང་བསོད་ནམས་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་དེ། བདག་ཉིད་ཆེན་པོ་འདི་ནི་ཡབ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དགུང་ལོ་བཞི་བཅུ་རྩ་གསུམ་དུ་ཕེབས་པ་ས་མོ་ལུག་གི་ལོ་མཆུ་ཟླ་བའི་དཀར་པོའི་ཕྱོགས་ཀྱི་ཚེས་གཉིས། རེས་གཟའ་ཟླ་བ་དང་སྐར་མ་ཁྲུམས་སྨད་ལ་ཡོད་པའི་ཐོ་རངས་ཀྱི་དུས་སུ་དཔལ་ས་སྐྱའི་ལྷ་ཁང་ཆེན་མོའི་ཡང་སྟེང་ནོར་རྒྱས་ཞེས་བྱ་བའི་གནས་མཆོག་དེ་ཉིད་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་འཁྲུངས་པ་ཡིན་ཏེ། དེ་ཡང་འདི་ཉིད་ལྷུམས་སུ་ཞུགས་ནས་མ་བལྟམས་ཀྱི་བར་དུ་ཡུམ་ལ་ཉིན་མཚན་ཀུན་ཏུ་ཆོས་སྐྱོང་རྣམས་འབྲལ་མེད་དུ་གནས་པ་ཡིན་སྙམ་པའི་འཇིགས་ངམ་དང་དགའ་ཡ་ལེ་བ་རྒྱུན་དུ་བྱུང་བར་གྲགས་པ་དང་། བལྟམས་ནས་ཀྱང་སྐུ་ན་ཤིན་ཏུ་ཕྲ་བའི་དུས་སུ་ཞབས་སྐྱིལ་ཀྲུང་དང་། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་བཞུགས་པ་སྔགས་འཆང་ཆོས་ཀྱི་རྒྱལ་པོས་གཟིགས་ནས། འཇམ་དབྱངས་ཡིན་ཟེར་བར་འདུག ཁྱེད་རྣམས་ཀྱིས་གཙང་སྦྲ་དང་བཅའ་གས་ཐོན་པར་གྱིས་ཞེས་གསུངས་པ་དང་། སྐུ་ལྕོག་ལ་བཞུགས་ཐུབ་པ་ཙམ་གྱི་སྐབས་སུ་སྐུ་དྲུང་ན་སུ་ཡང་མེད་པའི་སྐབས་ཤིག་ཚེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་