R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༨བ
[A:༢༧༨བ]མ། །ལྷ་གཅིག་དཀར་མོ་ལེགས་འཛོམ་ཞེས་བྱའི་སྲས། །གྲུབ་པའི་དབང་ཕྱུག་བསོད་ནམས་དབང་པོ་དང་། །བཙུན་མོ་གཉིས་པ་སླར་ཡང་གདོང་དགའ་མ། །བཀྲ་ཤིས་དཔལ་གྱི་བུ་ཁྲིད་ཅེས་བྱའི་སྲས། །འཛམ་གླིང་རྒྱན་མཆོག་གྲགས་པའི་མཚན་ཅན་འཁྲུངས། །གང་དེའི་བཙུན་མོ་བྱང་ཕྱོགས་རྒྱལ་པོའི་ལྕམ། །ལྷ་སྲས་བསོད་ནམས་རྒྱལ་མོ་ཞེས་བྱའི་སྲས། །འཇམ་དབྱངས་སྤྲུལ་པ་མཐུ་སྟོབས་དབང་ཕྱུག་དང་། །རྒྱལ་སྲས་ངག་དབང་ཀུན་དགའ་དབང་རྒྱལ་མཚན། །ཡོན་ཏན་བྲལ་ཡང་དམ་པའི་རིགས་སྐྱེས་པའི། །སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རྣམས། །སྔོན་དུ་བྱོན་དང་ད་ལྟ་རྟག་བཞུགས་པའི། །དུས་མཆོད་བླ་བྲང་གདུང་བརྒྱུད་རིམ་པ་སྟེ། །ཕྱིས་ནས་འབྱོན་འགྱུར་བསམ་གྱིས་མི་ཁྱབ་པས། །སངས་རྒྱས་བསྟན་པ་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྒྱས་པར་འགྱུར་ཞེས་ཤེས་པར་བྱ། །ཞེས་སོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི། བསྟན་པའི་ཉི་མ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་དེ་ཉིད་ཀྱིས་བཙུན་མོ་གསུམ་ཁབ་ཏུ་བཞེས་པའི་དང་པོ་ཤར་གླིང་པའི་བུ་སྲིང་མོ་མ་གཅིག་བསོད་ནམས་དཔལ་འཛོམ་རྒྱལ་མོ་བྱ་བ་ལ་ལྷ་ལྕམ་ཚེ་རིང་བུ་ཁྲིད་དང་། ལྷ་གཅིག་དཔལ་འཛོམ་རྒྱལ་མོ་ཞེས་བྱ་བ་གཉིས་འཁྲུངས་པའི་ཆེ་བ་ནི། དགེ་བསྙེན་མ་སྔགས་ཀྱི་ནུས་པ་སོགས་ཆེ་ཞིང་། འགྲོ་བ་ནད་གདོན་གྱིས་གཟིར་བ་སྤྱི་དང་། ལྷག་པར་རིམས་ནད་སོགས་ལ་སློབ་དཔོན་མ་འདིས་སྲུང་བ་གནང་བ་ཙམ་གྱིས་གཏན་མི་འབྱུང་བར་གྲགས་པ་དེང་སང་ཡང་རིན་ཆེན་སྒང་ན་བཞུགས་པ་