R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧བ
[A:༢༧བ]གདམས་པའི་ཉིང་ཁུ་རྣམས་གནང་སྟེ། རྡོར་རྒྱལ་གྱིས་ཀྱང་ཁམས་སུ་ཕྱིན་ཏེ་བསྒོམས་པས་གྲུབ་རྟགས་ཆེན་པོ་ཕྱོགས་མེད་དུ་སྟོན་པའི་རྣལ་འབྱོར་པ་བར་དོར་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་ངེས་པ་ཞིག་བྱུང་བར་གྲགས་སོ། །དེ་ནས་བླ་ཆེན་གྱིས་སྔགས་ནག་གི་སྙིང་ཕྱུང་སྟེ་ཧོམ་ཁུང་གི་ནང་མཛེ་ཐོད་ཁ་སྦྱོར་གྱི་ནང་དུ་བཅུག་ནས་བསེ་མགོན་ཆེན་པོའི་ཞལ་གདོང་དུ་འཇོག་པར་མཛད་དེ། མངོན་སྤྱོད་ཀྱི་འཕྲིན་ལས་ཅི་བསམ་འགྲུབ་པའི་བཀའ་བསྒོ་མཛད་པ་ཡིན་ལ། དུས་ཕྱིས་བསྟན་པའི་ཉི་མ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱིས་ཀྱང་བསེ་འབག་གི་ཞལ་གདོང་གི་ཧོམ་ཁུང་ཁ་ཕྱེ་ནས་མཛེ་ཐོད་ཀྱི་ནང་གི་སྙིང་ལ་ཉམས་པའི་དགྲ་བོ་ལྷ་གནས་གཉིས་སོགས་ལ་དམིགས་པའི་དགུག་གཞུག་ལྷ་དབྱེ་བདེན་བདར་སོགས་མཛད་པས། དམ་ཉམས་རྣམས་གཏན་བརླག་ཏུ་ཐོད་པ་འདི་བཞིན་བྱུང་བ་ཡིན་ཞེས་བདག་གི་བླ་མ་འཇམ་དབྱངས་སྐུ་མཆེད་ཀྱི་གསུང་ལས་ཡང་ཡང་དུ་ཐོས་ཤིང་། ད་དུང་ཡང་ས་སྐྱ་པའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པ་ལ་གནོད་པའི་བསྟན་དགྲ་མི་བསྲུན་པ་དག་ལ་ཤིན་ཏུ་མྱུར་བའི་ལས་སྦྱོར་དགོས་པ་བྱུང་བའི་ཚེ་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་བླ་མ་གོང་མ་དེ་རྣམས་ཀྱི་ཕྱག་ལེན་ལྟར་བགྱིས་ན་རྟགས་མཚན་འབྱུང་བ་ལ་ཐེ་ཚོམ་མི་དགོས་སམ་སྙམ་དུ་ཁོ་བོ་སེམས་སོ། །སྔགས་ནག་གི་ཕུང་པོ་བྱིང་སྒོ་རུམ་མགོན་ཁང་གི་ཐེམ་འོག་ཏུ་བླ་ཆེན་ཉིད་ཀྱིས་མནན་པ་མཛད་པ་བཞིན་ད་ལྟ་ཡང་དབུ་རྩེའི་བསྐོར་ལམ་ནས་ཕུང་པོའི་སྣོད་ཀྱི་རྐྱལ་པ་ཀུན་གྱིས་མཐོང་སར་ཡོད་དོ། །བོན་ནག་རེ་བ་འཛུ་གུའི་ཕུང་པོ་ནི་ཆོས་ཁྲི་ཐང་མོ་ཆེའི་