R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༡བ
[A:༢༧༡བ]ཕེབས་ཏེ་དཀར་མེ་དང་སྙན་དར་སོགས་འབུལ་བ་དང་། ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེན་པོ་འདེབས་པར་མཛད་ཅིང་། སོ་སོའི་དཀོན་གཉེར་རྣམས་ལ་ཡང་མ་འོངས་པ་མཁྱེན་པའི་བསླབ་བྱ་མང་དུ་སྩལ་ཞིང་། ཁྱད་པར་མགོན་ཁང་རྣམས་སུ་ཕེབས་པའི་ཚེ། རྟེན་རྣམས་ལ་ཕྱག་ནས་གནང་བ་དང་བཅས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་དཔལ་ས་སྐྱ་པའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་དར་ཞིང་རྒྱས་པའི་འཕྲིན་བཅོལ་དང་བཀའ་བསྒོ་མང་དུ་མཛད་ཅིང་། ཁྱད་པར་སྒོ་རུམ། ནང་སོ། སྐྱེད་ལྷས་རྣམས་སུ་འཕྲིན་ལས་བཅོལ་བ་དང་བཀའ་བསྒོ་དྲག་ཏུ་མཛད་པས། དེ་དུས་སྔགས་འཆང་ཉིད་ཀྱི་གཟིགས་སྣང་ལ་ཆོས་སྐྱོང་སོ་སོའི་གུས་འདུད་དང་བཅས་བཀའ་ལས་མི་འདའ་བའི་དམ་བཅའ་ཕུལ་བར་ངེས་ཏེ། སྐབས་དེར་བདག་ཉིད་ཆེན་པོའི་གསུང་གིས། ད་རེས་མགོན་ཁང་སོ་སོར་འཕྲིན་བཅོལ་རྣམས་བྱས་པའི་དུས་སུ་གང་བཅོལ་བ་བཞིན་ཆོས་སྐྱོང་སོ་སོས་བསྒྲུབ་ངེས་པའི་ཡིད་སྣང་གསལ་བར་བྱུང་ཞེས་གསུང་བ་དང་། སྐྱེད་ལྷས་མགོན་ཁང་དུ་བཀའ་བསྒོ་གནང་བའི་དུས་སུ་བྲག་གི་དབུས་ནས་ཌ་མ་རུ་དང་། དྲིལ་བུ་དང་། རྐང་གླིང་གི་སྐད་ཕྲ་མོ་ཞིག་དང་། ལྷག་པར་དྲིལ་བུ་གཡེར་ཁའི་སྒྲ་སིལ་ཆོམ་དུ་བྱུང་བ་ནི་དེར་ཡོད་ཀྱི་སྐུ་འཁོར་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཐོས་ཞེས་ཀྱང་གྲགས་ཤིང་། དེ་ནས་ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་ཆབ་གཏོར་ཀླུ་གཏོར་དང་བུམ་གཏེར་འཇུག་པ་སོགས་མཛད་ནས་སྐྱེ་དགུ་རྣམས་ལ་བདེ་སྐྱིད་བླ་ན་མེད་པ་འབྱུང་བའི་འཕྲིན་བཅོལ་རྒྱ་ཆེན་པོ་མཛད་དེ། དེ་རྗེས་ས་ལོ་ཐམས་ཅད་མཁྱེན་པའི་དུས་ཆེན་ཆུ་སྟོད་ཟླ་བའི་ཚེས་བཅུ་